བོད་ལྗོངས།
སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་ཕྱིན་པ།

    ཉེ་ཆར། ཐང་ག་མཁས་ཅན་བྱམས་པས་ཐང་ག་བཞེངས་ཀྱི་ཡོད་པ་དང་། ཉིན་20ལྷག་ཙམ་གྱི་རྗེས་ཏེ། “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་ཉིན་མོར་བྱམས་པས་གསར་འགོད་པར་ཁོང་གི་ཐང་ག་གསར་པ་བསྟན་པ་རེད།

    དེ་སྔའི་ཐང་ག་དང་མི་འདྲ་བར། ད་རེས་ཀྱི་ཐང་ག་འདི་ནི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་མཁན་མི་རིགས་ཁག་གི་དཔའ་བོ་དང་ངལ་རྩོལ་པས་མཐུན་སྒྲིལ་རོགས་ལས་བྱེད་ཚུལ་ཡིན་པ་སྟེ། འགོག་སྲུང་གྱོན་ཆས་ནི་གོ་ཁྲབ་དང་། ཁ་རས་ནི་དམག་རྟགས་བྱས་ནས། སྲོག་ཉེན་ལ་མི་འཛེམ་པར་ཚེ་སྲོག་མང་པོ་བསྐྱབས་ཏེ། མི་དམངས་ཀྱི་ཡིད་ཆེས་དང་རེ་སྒུག་སྟོང་ཟད་དུ་མ་བཏང་བར་མེས་རྒྱལ་གྱི་ས་གཞི་ཆེ་མོ་འདིར་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱེད་པའི་ཚུལ་བྲིས་ཡོད་པ་རེད།

    བྱམས་པ་ནི་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་ས་སྐྱ་གྲོང་རྡལ་ནས་ཡིན་ལ། ཐང་ག་བཞེངས་ནས་ལོ་30ལྷག་ཙམ་ཕྱིན་ཡོད་པ་རེད།

    དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུན་དུ། ས་སྐྱ་རྫོང་གིས་བརྟག་ཞིབ་རྒྱ་ཁྱབ་དང་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བྱས་པའི་རྨང་གཞིའི་ཐོག་དེ་གའི་ཐོན་ཁུངས་དང་ཁྲོམ་རའི་དགོས་མཁོར་གཞི་བཙུགས་ཏེ། སྒོར་ཁྲི་1100བཏང་ནས་ས་སྐྱ་རྫོང་འགྲོ་མགོན་ཆོས་རྒྱལ་འཕགས་པ་མི་རིགས་ལག་ཤེས་བཟོ་ལས་ཀྱི་ལས་གཏོད་རྟེན་གཞི་འཛུགས་སྐྲུན་བྱས་པ་དང་2019ལོའི་ཟླ་ལྔ་པར་ལས་མཇུག་འགྲིལ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད་པ་རེད།

    ཀྲུང་གོ་མཛེས་རྩལ་པའི་མཐུན་ཚོགས་དང་། བོད་ལྗོངས་མཛེས་རྩལ་པའི་མཐུན་ཚོགས། བོད་ལྗོངས་གཞིས་རྩེ་མཛེས་རྩལ་པའི་མཐུན་ཚོགས། བོད་ལྗོངས་རིག་གནས་འཕེལ་རྒྱས་ཡར་སྐུལ་ཚོགས་པ་བཅས་ཀྱི་ཚོགས་མི་ཡིན་པའི་ཆ་ནས། བྱམས་པ་མྱུར་དུ་ལས་གཏོད་རྟེན་གཞིར་བསྡད་དེ་དགེ་ཕྲུག་11བསྡུས་པ་ལས་6ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ནས་ཡིན་པ་རེད། བྱམས་པ་དགའ་བ་སྐྱེ་འོས་པ་ཞིག་ལ། དགེ་ཕྲུག་ཚོས་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་ཚང་མ་དབུལ་སྒྲོལ་ཕྱུག་འགྱུར་གྱི་འབྱོར་འབྲིང་གི་ལམ་ཆེན་དུ་སྐྱོད་ཐུབ་ཡོད་པ་རེད།

    བྱམས་པས། ས་སྐྱ་རྫོང་གི་ལོ་རྒྱུས་རྒྱུན་རིང་བ་དང་། རིག་གནས་དར་རྒྱས་ཆེ་བ། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཡོད་ན་ཡང་། སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཚོང་ཁང་ཁག་ནི་གཞི་ཁྱོན་ཆུང་བ་དང་། ཐར་ཐོར་དུ་གནས་པ། ཕྱིར་ཚོང་ཐབས་ལམ་གུ་དོག་པ་སོགས་ཀྱི་འགལ་རྐྱེན་ཡང་ཡོད་པས། ས་སྐྱ་རྫོང་འགྲོ་མགོན་ཆོས་རྒྱལ་འཕགས་པ་མི་རིགས་ལག་ཤེས་བཟོ་ལས་ཀྱི་ལས་གཏོད་རྟེན་གཞི་བཙུགས་པ་ལས། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་། རྒྱ་ཆེའི་ལས་གཏོད་པ། དུད་ཚང་དབུལ་པོ་བཅས་ལ་ཕུགས་འདུན་མངོན་འགྱུར་བྱ་སའི་གར་སྟེགས་རག་པ་མ་ཟད། “རིག་གནས+གསར་གཏོད+ཕུགས་འདུན”བཅས་ཀྱི་སྔོན་ཐོན་འདུ་ཤེས་ལ་བརྟེན་ནས་ལོ་ངོ་སྟོང་གི་གནའ་གྲོང་འདིར་གསོན་ཤུགས་ཀྱང་རྒྱས་ཡོད་པའི་ངོས་འཛིན་བྱས་པ་རེད།

    ལས་གཏོད་རྟེན་གཞི་དེར་ཐང་ག་གཅིག་པུ་མ་ཡིན་ཏེ། ཐོག་སོ་དང་པོའི་འགྲེམས་ཁང་ནང་དུ་ས་སྐྱའི་ཐང་ག་དང་། ཞལ་འབག དངུལ་ཆས། ཟངས་ཆས། འགྲོ་མགོན་ཆོས་རྒྱལ་འཕགས་པ་རྟགས་ཅན་གྱི་སྤོས་སོགས་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་མང་པོ་བཤམས་ཡོད་པ་རེད།

    མི་རིགས་ལག་ཤེས་ཐོན་རྫས་བཟོ་ཁང་རེ་རེའི་ནང་དུ། སྒྱུ་རྩལ་པ་ཚོས་བློ་ཁོག་ཆེ་ལ་ཞིབ་ཚགས་པའི་ངང་སོ་སོའི་ཐུན་མོང་མ་ཡིན་པའི་ཡོན་ཏན་ངོམ་ནས། རྒྱ་ཆེའི་ཡུལ་སྐོར་བ་ཚོར་ལག་ཤེས་ཐོན་རྫས་སྣ་ཚོགས་ཀྱི་ཐོན་སྐྱེད་བརྒྱུད་རིམ་གསལ་པོར་མཐོང་དུ་བཅུག་ནས་ཁོང་ཚོའི་མྱོང་ཚོར་སོགས་ཟབ་ཏུ་བཏང་བ་རེད།

    ཉེ་བའི་ལོ་ཤས་རིང་། ས་སྐྱ་རྫོང་གིས“རིག་གནས་ཡུལ་སྐོར་ལས་རིགས་དང་། སྐྱེ་ལྡན་འདེབས་གསོ་ལས་སྣོན་ལས་རིགས། འཛུགས་སྐྲུན་རྒྱུ་ཆའི་ལས་རིགས། ནུས་རྒྱུ་གཙང་མའི་ལས་རིགས། མི་རིགས་ལག་ཤེས་བཟོ་ལས”བཅས་ཐོན་ལས་ཆེན་པོ་ལྔ་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་གཏན་འཁེལ་བྱས་ནས“རྫོང་ལ་གཙོ་ཁྲིད་ཐོན་ལས་ཡོད་པ་དང་། ཤང་དང་གྲོང་རྡལ་ལ་ཐོན་ལས་རྟེན་གཞི་ཡོད་པ། གྲོང་ཚོར་མཉམ་ལས་རྩ་འཛུགས་ཡོད་པ”བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས་པས། དབུལ་ཞྭ་འབུད་རྒྱུའི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱུང་ཡོད་པ་སྟེ། རིམ་རྩིས་བརྒྱབ་ན་དུད་ཚང་དབུལ་པོ་3579ཡི་དབུལ་པོའི་མི་གྲངས་13531ཉུང་དུ་ཕྱིན་ནས། གྲོང་ཚོ(གྲོང་ལྷན)དབུལ་པོ107དབུལ་སྒྲོལ་ཐུབ་པ་དང་། དབུལ་སྒྲོལ་ཐུབ་མཁན་ཚང་མ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་ཚད་གཞིར་སླེབས་ནས་མང་ཚོགས་ཀྱིས་ཁས་ལེན་ཐོབ་ཚད་99.8%ཟིན་ཡོད་པ་རེད།

    བདེ་སྐྱིད་ནི་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན། ངལ་རྩོལ་དུས་ཆེན་སྐབས་འདིར། རིམས་འགོག་བརྗོད་བྱར་བྱས་པའི་ཐང་ག་ཞིག་གི་ཐོག་ནས་རིམས་འགོག་འཐབ་ས་དང་པོའི་སྨན་དོན་ངལ་རྩོལ་པར་གུས་འདུད་ཞུས་པ་དང་ཆབས་ཅིག མེས་རྒྱལ་གྱི་ས་གཞི་ཆེ་མོ་འདིར་ངལ་རྩོལ་པ་ཚོས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་དཔྱིད་རྨོད་དཔྱིད་འདེབས་བྱེད་པའི་རི་མོ་རྣམ་པར་བཀྲ་བ་ཞིག་ངང་གིས་གྲུབ་ཡོང་གི་ཡོད་པ་རེད། མིག་སྔར། ས་སྐྱ་རྫོང་གིས་ཞན་ཆ་གསབ་པ་དང་། ཧེ་བག་ཆུང་གཏོང་། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་ཧུར་ཐག་བྱས་ནས། བློ་བརྟན་འགྱུར་མེད་ངང་ཐོབ་ཟིན་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་གི་ཡོད་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་གི་བདེ་སྐྱིད་ལྡན་པའི་ལམ་བུ་ཇེ་ཡངས་ནས་ཇེ་ཡངས་སུ་འགྲོ་བཞིན་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001390429341