བོད་ལྗོངས།
རི་བོ་ཤི་ཤ་སྦང་མར་ཐིམ་པའི་དཔའ་བོའི་བླ་སྲོག

    “ང་རང་ཐང་ལ་འགྱེལ་ནས་ཡར་ལངས་མི་ཐུབ་ཀྱང་སྲིད”དུས་རབས་གོང་མར་རྒྱལ་ཡོངས་སུ་དར་ཁྱབ་བྱུང་བ་དང་མི་མང་པོས་སེམས་འགུལ་གྱི་མིག་ཆུ་བཏང་མྱོང་བའི《ཟུངས་ཁྲག་དམར་པོས་ཚོས་པའི་གཟི་ཉམས》ཞེས་པའི་གླུ་གཞས་དེས་ཕ་ཡུལ་དང་རྒྱལ་ཁབ་སྲུང་སྐྱོང་བྱས་ཏེ་དཔའ་མཛངས་རྟུལ་ཕོད་ངང་རང་སྲོག་བློས་བཏང་བའི་ཀྲུང་གོའི་དམག་མིར་བསྟོད་གླུ་ཕུལ་ཡོད། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་འདི་ལྟ་བུའི་མཐའ་སྲུང་དམག་མི་ཁྱུ་གཅིག་ཡོད་དེ། རྒྱལ་སྲུང་བདེ་འཇགས་དང་མི་དམངས་ཀྱི་བདེ་སྐྱིད་དོན་དུ། ཞི་བདེའི་ལོ་རབས་སུ་རང་ཉིད་ཀྱི་ལང་ཚོ་དང་། ཟུངས་ཁྲག ཚེ་སྲོག་བཅས་སྐད་གྲགས་མེད་པར་སྐྱེས་སུ་འབུལ་བ་རེད།

    ཧན་ཧྲི་ལུན་ནི་ཀུའེ་ཀྲོའུ་ཞིང་ཆེན་ཅིན་ཧྲ་རྫོང་ནས་ཡིན་པ་དང་1983ལོར་དམག་དཔུང་ལ་ཞུགས་ཏེ་བོད་སྡོད་དཔུང་སྡེ་ཞིག་གི་འཐབ་འཛིང་པ་ཞིག་ཏུ་གྱུར། དམག་དཔུང་ལ་ཞུགས་རྗེས་ཁོང་གིས་མ་བྱན་དང་། གསོ་ཚགས་པ། གློག་སྐུད་ཁྲིད་མཁན་བཅས་ཀྱི་ལས་ཀ་བྱས་མྱོང་། ལས་གང་ཞིག་མངགས་ཀྱང་ཁོང་གིས་དགའ་སྤྲོའི་ངང་རྩ་འཛུགས་ཀྱི་བཀོད་སྒྲིག་དང་ལེན་བྱེད་ཀྱི་ཡོད། 1984ལོའི་ཟླ་9པའི་ཉིན་ཞིག་ལ་ལེན་ཀྲང་གིས་ཧན་ཧྲི་ལུན་ལ“ཞའོ་ཧན། ཤི་ཤ་སྦང་མའི་རི་རྐེད་ཀྱི་ཁ་པར་སྐུད་ལམ་ལ་རྟག་ཏུ་སྐྱོན་ཤོར་གྱི་འདུག མཐའ་སྲུང་འཕྲིན་གཏོང་ལམ་ལྷོངས་ཡོང་ཆེད། ལེན་ཏུའེ་ནས་ཁྱེད་རང་མངགས་ཏེ་འཕྲིན་གཏོང་ཉམས་གསོ་སོ་ལྟ་ཁང་དུ་སྡོད་རྒྱུ་དང་སྐུད་ལམ་སྐྱོན་མེད་ཡོང་བའི་འགན་འཁུར་རྒྱུའི་ཐག་བཅད་ཡོད། དཀའ་ངལ་འདུག་གམ”ཞེས་བཤད་པར་ཧན་ཧྲི་ལུན་གྱིས་ཐེ་ཚོམ་སྤུ་ཙམ་མེད་པར“ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན། དཀའ་ངལ་ཇི་ཙམ་ཆེ་ཡང་ངས་ཁྱད་བསད་བྱེད་ཐུབ”ཅེས་བརྗོད། ཕྱི་ཉིན་དེར་ཧན་ཧྲི་ལུན་གྱིས་རྡོག་ཁྲེས་རྒྱབ་ཏུ་ཁུར་ནས་སོ་ལྟ་ཁང་དུ་ཕྱིན། ཟླ་12པའི་ཟླ་དཀྱིལ་དུ་རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར་སི་ཁྲོན་ཞིང་ཆེན་ཏེན་ཅང་རྫོང་གི་འཐབ་འཛིང་པ་ཐན་ཀོང་ཡིའུ་ཡང་ཁ་བ་བུ་ཡུག་བརྒྱུད་ནས་སོ་ལྟ་ཁང་དུ་སླེབས། དེ་ནས་བཟུང་། ཧན་ཧྲི་ལུན་དང་ཐན་ཀོང་ཡིའུ་གཉིས་ཀྱིས་སོ་ལྟ་ཁང་རང་ཁྱིམ་དུ་བྱས་ནས་འཚོ་བ་སྐྱེལ་འགོ་ཚུགས།

    རི་བོ་ཤི་ཤ་སྦང་མ་ནི་གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་ཁོངས་སུ་གནས་པ་དང་ས་བབ་མཐོ་ཚད་སྨི་8000ལྷག་ཟིན་ཁར། ལ་རྩེའི་ཁ་བ་ལོ་འཁོར་མོ་ཡུག་ཏུ་ཞུ་རྒྱུ་མེད་ཅིང་། གནམ་གཤིས་ནི་ཉིན་གཅིག་ལ་འགྱུར་ལྡོག་སྣ་ཚོགས་ཡོང་བས“དཀའ་ཚེགས་ཆེ་བའི་ཁུལ”ཞེས་ཟེར་སྲོལ་ཡོད། སོ་ལྟ་ཁང་ནི་རི་བོ་ཤི་ཤ་སྦང་མའི་ཤར་ངོས་ཀྱི་རི་རྐེད་དུ་བརྒྱབ་ཡོད་ལ་ཆ་རྐྱེན་ཧ་ཅང་ཐབས་ཆག་ཡིན་པ་རེད། ལྷགས་པ་དྲག་པོ་རྒྱག་རིམ་བཞིན་ཐོག་གི་ལྕཌ་ཤོག་རླུང་གིས་འཁྱེར་ནས་གངས་ཆར་ཁང་པའི་ནང་འབབ་ཀྱི་ཡོད་པ་རེད།

    དཀའ་ཚེགས་ཆེ་བའི་ཁོར་ཡུག་ཏུ་ཧན་ཧྲི་ལུན་དང་ཐན་ཀོང་ཡིའུ་གཉིས་ཀྱིས་ཕན་ཚུན་སེམས་ཁུར་དང་ལྕག་སྐུལ་བྱས་ཤིང་། གཟའ་འཁོར་རེའི་གཟའ་མིག་དམར་དང་པ་སངས་ཉིན་ཁོང་གཉིས་ཀྱིས་ལམ་རྒྱགས་དང་། ཁོག་ལྟིར། ཉམས་གསོའི་ཡོ་བྱད་བཅས་ཁུར་ནས་སྐོར་ཞིབ་བྱེད་པར་འགྲོ་ཡི་ཡོད། རི་ལ་འཛེག་པ་དང་། དཔྱང་ཟམ་ནས་སྒྲོལ་བ། ནགས་ཚལ་བརྒལ་བ་སོགས་ལམ་ཐིག་ཀུན་ཏུ་ཞིབ་བཤེར་ཉམས་གསོ་ཚགས་ཚུད་པོ་བྱེད་ཀྱི་ཡོད་པ་རེད། སོ་ལྟ་ཁང་དུ་རོལ་རྩེད་ཀྱི་སྒྲིག་བཀོད་ཅི་ཡང་མེད་པ་དང་ལས་ཞོར་གྱི་ཁོམ་གསེང་དུ་ཁོང་གཉིས་ཀྱིས་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་དང་ལས་སྒོའི་ཤེས་བྱར་སློབ་སྦྱོང་བྱས་ཏེ་ཕན་ཚུན་ལ་འདྲི་བ་འདོན་རེས་དང་བགྲོ་གླེང་བྱེད་ཀྱི་ཡོད། ཁོང་གཉིས་སུ་ཞིག་ལ་ན་ཚ་བྱུང་ན་གཞན་དེས་སོ་ལྟ་ཁང་ནས་སྤྱི་ལེ་20ལྷག་ཙམ་གྱི་སར་ཡོད་པའི་ལེན་ཏུའེ་ནས་སྨན་ལེན་པར་འགྲོ་གི་ཡོད་ལ། སུ་ཞིག་ལ་སེམས་མ་སྐྱིད་པའི་དོན་དག་ལ་ཐུག་ཚེ་གཞན་དེས་གང་ཐུབ་ཅི་ཐུབ་ཀྱིས་སེམས་གསོ་གཏོང་བ་དང་དཀའ་ངལ་སེལ་རོགས་བྱེད་ཀྱི་ཡོད་པ་རེད།

    1985ལོའི་ཟླ་5པ་ནས་ཟླ་8པའི་རིང་། ཁ་པར་སྐུད་ལམ་ཐད་ཧ་ལམ་ཉིན་ལྟར་རེ་བཞིན་རི་ཉིལ་བ་དང་ཆུ་རུད་ཀྱི་གནོད་སྐྱོན་ཕོག་གི་ཡོད་པས། ཁོང་གཉིས་ཀྱིས་སྤྱི་ལེ་30ལྷག་གི་འཕྲིན་གཏོང་སྐུད་ལམ་སྲུང་སྐྱོང་བྱས་ཏེ་ལས་འགན་ཧ་ཅང་ལྕི་པོ་ཡོད། གཞན་གྱིས་དཀའ་སྡུག་ཆེ་མིན་འདྲི་རིམ་བཞིན་ཁོང་གཉིས་ཀྱིས་རྒྱུན་དུ“ངེད་གཉིས་ལ་མཚོན་ན། དཀའ་བ་དང་ངལ་དུབ་ཆེ་ཡང་གང་བྱེད་ཀྱི་མ་རེད། མཐའ་སྲུང་འཕྲིན་གཏོང་ལམ་ལྷོངས་འགན་ལེན་ཐུབ་པ་ནི་བདེ་སྐྱིད་ཆེ་ཤོས་ཡིན”ཞེས་ལན་འདེབས་ཀྱི་འདུག ཐེངས་མ་གཅིག་ལ་ཧན་ཧྲི་ལུན་གྱིས་འཆར་ཅན་གྱི་སྐོར་ཞིབ་བྱེད་རིང་གཡང་གཟར་དུ་འདྲེད་བརྡབ་ཤོར་ནས་མགོ་བོ་རྡོ་ལ་བརྡབས་ཏེ་དྲན་མེད་དུ་བརྒྱལ། སྟབས་ལེགས་པ་ཞིག་ལ་མང་ཚོགས་ཤིག་གིས་མཐོང་ནས་སྨན་ཁང་དུ་བསྐྱལ་བས་གཤིན་རྗེའི་ཁ་ནས་ཐར། དེ་རྗེས་ཁོ་ལ “དེ་འདྲའི་ཨུ་ཚུགས་ཞེད་པོ་མ་བྱེད། ཁ་པར་སྐུད་པར་སྐྱོན་མ་ཤོར་ན་སྐོར་ཞིབ་བྱེད་པར་མ་ཕྱིན་ཡང་ཆོག”ཟེར་མཁན་བྱུང་ནའང་། ཁོང་གིས“འདི་ནི་ལམ་སྲོལ་ཡིན་པས་ངེས་པར་དུ་ལག་བསྟར་བྱེད་དགོས”ཞེས་བརྗོད་་ད།

    ཟླ་12པའི་ཟླ་དཀྱིལ་དུ་རི་བོ་ཤི་ཤ་སྦང་མའི་རྒྱུད་དུ་ཉིན་ཤས་བསྟུད་མར་ལྷགས་རླུང་དྲག་པོ་བརྒྱབ་པ་དང་ཁ་བ་ཆེན་པོ་བབས་ཤིང་། སོ་ལྟ་ཁང་གི་མདུན་དུ་གངས་མཐུག་ཚད་སྨི་2ལྷག་ཟིན་གྱི་ཡོད། ཐན་ཀོང་ཡིའུ་ལ་ཆམ་པ་ལྕི་པོ་ཕོག་ནས་ཚ་བ་དྲག་པོ་རྒྱས་པར་བརྟེན། ཧན་ཧྲི་ལུན་གྱིས་ཐན་ཀོང་ཡིའུ་ལ་ལྟ་སྐྱོང་བྱེད་ཞོར་གནམ་གཤིས་ཀྱི་འགྱུར་ལྡོག་ལས་འཕྲིན་གཏོང་སྐུད་ལམ་ལ་ཤུགས་རྐྱེན་ཐེབས་མིན་དོ་ཁུར་བྱས། ཚེས་27ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5པ་ཙམ་ལ་སོ་ལྟ་ཁང་དུ་ཛ་དྲག་གི་ཁ་པར་ཞིག་འབྱོར་བས་ཧན་ཧྲི་ལུན་གྱིས་ལམ་སེང་ཁ་པར་ཉན། ཁ་པར་ནས་ལེན་ཏུའེ་ཡི་མཛུབ་ཁྲིད་པས“གངས་རུད་ཀྱི་རྐྱེན་པས་ཁང་གསར་ཟམ་པའི་ཕྱོགས་ཀྱི་ཁ་པར་སྐུད་པར་སྐྱོན་ཤོར་འདུག ལམ་སེང་ཉམས་གསོ་བྱོས་ཤིག”ཅེས་པའི་བཀའ་བཏང་བར་ཧན་ཧྲི་ལུན་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར“རང་སྲོག་དོར་དགོས་ཀྱང་ལས་འགན་འགྲུབ་ངེས་ཡིན། དབུ་ཁྲིད་ཐུགས་བློ་བདེ་པོ་གནང་རོགས”ཞེས་ཞུས་ཏེ་ཁ་པར་མར་བཞག་མ་ཐག་ཁོང་གཉིས་ལམ་དུ་ཆས། འོན་ཀྱང་དེ་ནས་ཕར་ཕྱིན་པ་ནས་གཏན་དུ་ཕྱིར་ལོག་རྒྱུ་མེད་པར་གྱུར།

    ཕྱི་ཉིན་ཁ་བ་བུ་ཡུག་མཚམས་ཆད་རྗེས། སོ་ལྟ་ཁང་དུ་འབྲེལ་གཏུག་བྱེད་མི་ཐུབ་པར་བརྟེན་ལེན་ཏུའེ་ཡི་བཀོད་འཐབ་པ་ཚོས་འཕྲལ་མར་ཁ་པར་སྐུད་ལམ་བརྒྱུད་ནས་ཧན་ཧྲི་ལུན་དང་ཐན་ཀོང་ཡིའུ་གཉིས་བཙལ་བ་དང་འཐབ་གྲོགས་ཚོར་ཁོང་གཉིས་རྙེད་སྐབས་དབུགས་ཀྱི་རྒྱུ་བ་སྔ་མོ་ནས་ཆད་ཟིན་པ་དང་། ཕུང་པོ་ཡང་གངས་འཁྱག་དང་གཞི་གཅིག་ཏུ་འདྲེས་ཏེ་ཆབ་རོམ་གྱི་གཟུགས་གཉིས་སུ་གྲུབ་འདུག ཧན་ཧྲི་ལུན་གློག་ང་འོག་གི་གངས་དཀྱིལ་དུ་འགྱེལ་བ་དང་ལག་ཏུ་ཡོ་བྱད་ཐོགས་པ་དང་ཕྲག་ཏུ་སྔར་བཞིན་གློག་སྐུད་ཁུར་འདུག ཐན་ཀོང་ཡིའུ་ཡི་རྐང་པ་གཉིས་སྔ་ཕྱིར་བརྐྱངས་ཏེ་མདུན་ལ་ནུར་འགྲོས་བྱེད་པའི་བཟོ་ལྟ་མངོན། འཐབ་གྲོགས་ཚོས་སེམས་ཆུང་གཟབ་ནན་ངང་ཕུང་པོ་དེ་གཉིས་གངས་འཁྱག་ནས་བཏོན་པ་དང་མིག་ཟུང་ལ་མཆི་ཞག་འཁོར་བཞིན་དུ“ཧན་ཧྲི་ལུན། ཐན་ཀོང་ཡིའུ། སྙིང་ཉེ་བའི་འཐབ་གྲོགས། ང་ཚོ་ཁྱེད་གཉིས་བསུ་བར་ཡོང་བ་ཡིན”ཞེས་མིང་ནས་འབོད་ཀྱིན་སྐྱོ་གདུང་གི་སྨྲེ་སྔགས་བཏོན།

    མཐའ་སྲུང་འཕྲིན་གཏོང་ལམ་ལྷོངས་ཡོང་བ་དང་རྒྱལ་སྲུང་བདེ་འཇགས་ཀྱི་དོན་དུ། ཧན་ཧྲི་ལུན་དང་ཐན་ཀོང་ཡིའུ་ཡིས་རྩ་ཆེ་བའི་ཚེ་སྲོག་སྐྱེས་སུ་ཕུལ་བ་རེད། 1986ལོའི་ཟླ་3ཚེས་19ཉིན་བོད་དམག་ཁུལ་ཁང་གིས་ཧན་ཧྲི་ལུན་དང་ཐན་ཀོང་ཡིའུ་གཉིས་ལ་བྱས་རྗེས་རིམ་པ་དང་པོ་རྗེས་སྤྲོད་བྱས་ཁར། ལྗོངས་ཡོངས་ཀྱི་དཔུང་སྡེའི་བཀོད་འཐབ་པ་ཚོས་ཁོང་གཉིས་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་ཡང་བྱས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001391104001