བོད་ལྗོངས།
རིག་གནས་ཁྱབ་ཁོངས་ཀྱི་གསོན་ཤུགས་སླར་གསོ་ཐུབ་པ།

    —— ལྷ་ས་གྲོང་ཁྱེར་གྱིས་རིག་གནས་ཐོན་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་གནད་སྨིན་ཞབས་འདེགས་ཞུས་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་ལ་སྟངས་འཛིན་ནན་པོ་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་རིག་གནས་བྱེད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། ལས་ཀའི་སྤྱི་ཡོངས་ལ་དམིགས་པ་དང་ཞབས་འདེགས་ཞུས་ཏེ་རིག་གནས་ཀྱི་མི་སེམས་གཅིག་སྒྲིལ་དང་ངར་ཤུགས་སྐྱེད་པའི་དམིགས་བསལ་ནུས་པ་འདོན་སྤེལ་དང་། རིག་གནས་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་བ་བརྒྱུད་ནས་གྲོང་ཁྱེར་ཡོངས་ཀྱི་རིག་གནས་བྱ་གཞག་ཁག་ཕྱོགས་ཡོངས་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

    ལོ་གོང་མར་ལྷ་ས་གྲོང་ཁྱེར་རིག་གནས་ཅུས་དང་རིག་དངོས་ཅུས་ཀྱིས་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ་རིག་གནས་ཀྱི་གཡུལ་སར་འགྱུར་ལྡོག་གསར་པ་བྱུང་བ་དང་། མང་ཚོགས་ཀྱི་དགོས་མཁོ་ཤུགས་རྒྱག་སར་བྱས་ཏེ་མང་ཚོགས་ཀྱི་རིག་གནས་བྱེད་སྒོའི་ཐད་རྣམ་པ་གསར་པ་ཐོན་པ། ཁྲོམ་རའི་ལྟ་སྐུལ་རང་འཁྲིའི་ལས་འགན་དུ་བརྩིས་ནས་རིག་གནས་ཁྲོམ་རར་འཕེལ་རྒྱས་གསར་པ་བྱུང་བ། སྲུང་སྐྱོང་དང་རྒྱུན་འཛིན་རྨང་གཞིར་བྱས་ནས་རིག་གནས་ཤུལ་བཞག་ཐད་གྲུབ་འབྲས་གསར་པ་ཐོབ་པ་བཅས་བྱུང་ཡོད། གྲངས་གཞི་ལས་མངོན་གསལ། འདི་ལོའི་ཟླ་6པའི་ཟླ་འགོའི་བར་ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་ཁྱབ་ཁོངས་ཀྱིས་ཞིང་འབྲོག་པ་314ལས་ཞུགས་གཞན་སྒྱུར་བྱས་པ་དང་། རིག་གནས་ཁེ་ལས་དང་གཉེར་སྐྱོང་ཚན་པ་2500ལྷག་ཙམ་ཡོད་པའི་ནང་གྲོང་ཁྱེར་ཐད་གཏོགས་ཀྱི་གཞུང་ཁོངས་རིག་གནས་ཁེ་ལས་3དང་། རིག་གནས་ཐོན་ལས་ཀྱི་ལས་དོན་པ་མི་ཁྲི་3ལྷག་ཙམ་ཡོད།

    མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ཐོན་པའི་ཟླ་1ཚེས་26ཉིན་གྲོང་ཁྱེར་ཡོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་བཀོད་དང་། རིག་དངོས་འཛུགས་སྐྲུན་ལས་གྲྭ དྲ་སྦྲེལ་གྱི་དྲ་ཐོག་ཞབས་ཞུའི་ལས་གཉེར་ཁང་། གླུ་གར་རོལ་རྩེད་ཁང་བཅས་ཚང་མ་སྒོ་བརྒྱབ་པ་རེད།

    རིམས་ནད་སྔོན་འགོག་དང་ཚོད་འཛིན་དུས་བབ་རིམ་བཞིན་ལེགས་སུ་སོང་བ་དང་བསྟུན་ནས་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་། “བརྟན་པོ་དྲུག”དང“འགན་ལེན་དྲུག” ལྷག་པར་དུ་ལས་ཞུགས་འགན་ལེན་བཅས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱིས་རིམ་ཁག་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱས་ཡོད།

    ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་རིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ལྷོད་གཡེང་མི་གཏོང་བ་དང་སྣང་མེད་མི་གཏོང་བའི་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་རིག་གནས་ཅུས་དང་རིག་དངོས་ཅུས་ཀྱིས“འགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་། ཡུག་བགོས་ལྟ་སྐུལ། མཉམ་འབྲེལ་ཁྲིམས་འཛིན། འཕྲལ་མར་དང་ལེན། གོང་འོག་མཉམ་འགུལ། གནད་སྨིན་ཞབས་ཞུ”བཅས་ཀྱི་ལས་ཀའི་རྣམ་པ་སྤྱད་དེ་རིག་གནས་གཉེར་སྐྱོང་བྱ་ཡུལ་གྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལྟ་སྐུལ་དོ་དམ་ལས་དོན་གྱི་ནང་དོན་དང་ལས་ཀའི་འགན་འཁྲི་ཞིབ་ཚགས་སུ་བཏང་བ་དང་། ཉིན་ལྟར་ཚོགས་ཆུང་བགོས་ནས་ཁོངས་གཏོགས་ཁུལ་གྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གཉེར་སྐྱོང་བྱ་ཡུལ་ལ་སྐོར་ཞིབ་བྱས་པ། ལས་འགོ་བསྐྱར་འཛུགས་ཀྱི་གཉེར་སྐྱོང་བྱེད་པོར་ཞིབ་བཤེར་བྱས་པ། གཉེར་སྐྱོང་བྱ་ཡུལ་གྱི་འཕྲོད་བསྟེན་གཙང་སྦྲ་དང་། དུག་སེལ་དུག་གསོད། ཚ་བ་འཇལ་བ། ཁ་རས་རྒྱག་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཕྲལ་སྡོམ་སྔོན་ཇུས་སོགས་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་མ་ཟད། ད་དུང་གཉེར་སྐྱོང་བ་དང་འཛད་སྤྱོད་པར་ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཀྱི་རྩ་བར་དམ་པོར་དམིགས་ནས་སྟོང་ཆ་དང་ཁུག་ཆ་མི་ལུས་པར། འབྱུང་རྩ་ནས་རིམས་ནད་མ་མཆེད་པ་བྱེད་དགོས་པའི་བླང་བྱ་ཡང་བཏོན་པ་རེད།

    རིག་གནས་གཉེར་སྐྱོང་བྱ་ཡུལ་གྱི་སྦྱིན་བདག་ལ་ལས་མིའི་ཚ་བ་འཇལ་བ་དང་། ཁ་རས་རྒྱག་པ། སྒྲིག་བཀོད་ལ་དུག་སེལ། མཁའ་རླུང་འགྲོ་རྒྱུག་སོགས་ཀྱི་རིམས་འགོག་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་དང་དམ་འཛིན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    མིག་སྔར། གྲོང་ཁྱེར་ཡོངས་སུ་དྲ་སྦྲེལ་གྱི་དྲ་ཐོག་ཞབས་ཞུའི་ལས་གཉེར་ཁང་143དང་གླུ་གར་རོལ་རྩེད་ཁང་ཚང་མ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ནས་ལས་འགོ་བསྐྱར་འཛུགས་བྱས་པའི་ལས་མི་4666ཟིན་པ་དང་། རིག་དངོས་འཛུགས་སྐྲུན་ལས་གྲྭ་ཁག་8ཀྱིས་ཞིང་པ་ལས་མི་དང་ཆེད་ལས་བཟོ་པ་500ལྷག་ཙམ་གྱི་ལས་ཞུགས་ཐག་གཅོད་བྱས་པ། རྫོང་དང་ཆུས་ཁག་གིས་རིག་གནས་ཐོན་ལས་འཕེལ་རྒྱས་བཏང་ནས་ཉེ་འཁོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་མི་2000ལྷག་ཙམ་གྱི་ལས་ཞུགས་ཐག་གཅོད་བྱས་ཡོད། གཞན་ཡང་སྒོར་ཁྲི་4000ལྷག་ཙམ་བཏང་བའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་སྤྱི་ཡོངས་ཀྱི་བདེ་སྲུང་དང་། མེ་ཟོན། གློག་ཤུགས་བཅས་རིམ་སྤོར་སྒྱུར་བཀོད་ཀྱི་ལས་གྲྭ་དང་རིག་དངོས་སྲུང་སྐྱོང་གི་ལས་གྲྭ་ཉེ་དུས་རིམ་བཞིན་ལས་འགོ་ཚུགས་ཡོད། ར་ས་འཕྲུལ་སྣང་གཙུག་ལག་ཁང་མདུན་གྱི་ལོ་ངོ་1000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཐང་བོད་མཐུན་འབྲེལ་རྡོ་རིང་སོགས་ཀྱི་རིག་དངོས་སྲུང་སྐྱོང་ཡག་པོ་བྱ་ཆེད། ར་ས་འཕྲུལ་སྣང་གཙུག་ལག་ཁང་དོ་དམ་ཨུ་ཡོན་ལྷན་ཁང་གིས་མ་དངུལ་སྒོར་ཁྲི་600ལྷག་ཙམ་བཏང་ནས་རྡོ་རིང་ལ་སྲུང་ར་བསྐོར་བའི་ལས་གྲྭ་ཡང་ཉེ་དུས་བསྐྲུན་ཟིན་པ་དང་སྤྱོད་འགོ་ཚུགས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391633991