བོད་ལྗོངས།
ཟངས་ཚག་མི་རིགས་སྲོལ་རྒྱུན་ལག་ཤེས་གང་། མ་ཉམས་རྒྱུན་འཛིན་འབད་པ་ཧུར་ལེན་བྱེད།

    ▲ འདི་ནི་མིག་དམར་གྱིས་ནན་ཏན་ངང་ཚག་པར་འབྲི་བཞིན་པ།

    གསར་འགོད་པ་སྟོད་ལུང་བདེ་ཆེན་ཆུས་སྒང་གྲོང་ཚོའི་ཚོགས་ཆུང་བདུན་པར་གནས་པའི་བོད་ལྗོངས་མེ་ལོང་ཟངས་ཚག་བརྐོས་མ་ཚད་ཡོད་ཀུང་སིར་སྐྱོད་སྐབས། བོད་བཟོའི་ཐོག་སོ་བཞི་ལྡན་གྱི་ཁང་པ་ཞིག་འགྱིང་ངེར་གནས་པ་དང་། སྒོ་ར་གྲལ་འགྲིག་ལ་གཙང་སྦྲ་དོད་པ། ཟངས་རྡུང་པའི་སྒྲ་གྲགས་པ་དང་བསྟུན་ཏེ། ང་རང་ཟངས་ཚག་ཁང་ཡོད་སའི་ཐོག་སོ་གསུམ་པར་ཕྱིན་པ་ཡིན། དེར་མིག་དམར་གྱི་དགེ་ཕྲུག་གསུམ་གྱིས་ཞིབ་ཚགས་ངང་ཟངས་ཚག་རྒྱག་བཞིན་འདུག

    ▲ འདི་ནི་ཀུང་སིའི་ལག་ཤེས་སྦྱོང་བརྡར་གྱི་ལག་ཁྱེར་དང་ཀུང་སིར་ཐོབ་པའི་བྱ་དགའི་གཟེགས་རྟགས་ཡིན་པ།

    ཟངས་ཚག་ཁང་དུ་སླེབས་སྐབས། མིག་དམར་གྱིས་ཟངས་ཚག་རྒྱག་སའི་སྟེགས་བུའི་མདུན་དུ་བསྡད་ནས་ཟངས་ཚག་རྒྱག་སྐབས་སྤྱོད་པའི་ཚག་པར་གྱི་རི་མོ་འབྲི་འགོ་ཚུགས། དགེ་ཕྲུག་ཚོས་ལག་ཆ་སྤྱད་དེ་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་ཟངས་ལ་ཚག་རྒྱག་རིམ་བཞིན་རི་མོ་འབུར་དུ་ཐོན་འོང་གི་འདུག མིག་དམར་གྱིས་ཟངས་ལ་ཚག་རྒྱག་སྐབས་ཐོ་བས་ཡང་ཡང་བརྡུངས་ནས་འཇམ་བརྡར་གཏོང་དགོས་པས། ཉིན་ལྟར་ཆུ་ཚོད་བཅུ་གྲངས་ཁ་ཤས་འགོར་གྱི་ཡོད། དེ་ནི་ངང་རྒྱུད་རིང་ལ་ཞིབ་ཚགས་པའི་ལས་ཀ་ཞིག་རེད་ཅེས་གསར་འགོད་པར་བཤད་བྱུང་།

    འདི་ལོ་ལོ་34ལ་སླེབས་པའི་མིག་དམར་ནི་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་སྒང་གྲོང་ཚོ་ནས་ཡིན་པ་དང་། འཚོ་བའི་འཁོད་ཀ་ཞན་པའི་རྐྱེན་གྱིས་སློབ་ཆུང་གི་ལོ་རིམ་དྲུག་པ་ཐོན་རྗེས། ཕ་མས་ཞོལ་འདོད་དཔལ་གྱི་ཟངས་ཚག་ལག་རྩལ་ཆེ་མོ་བ་ཚེ་རིང་ཕུན་ཚོགས་ཀྱི་སར་ལག་ཤེས་སྦྱོང་བར་བཏང་ཞིང་། དེ་དུས་ཁོང་ལོ་12རེད། དགེ་རྒན་གྱིས་ནན་པོ་གནང་བར་བརྟེན། མིག་དམར་གྱིས་ཟངས་ཚག་རྒྱག་པའི་གནའ་བོའི་ལག་ཤེས་རིམ་བཞིན་ཁོང་དུ་ཆུད་དེ། དེ་སྔ་ལག་ཤེས་མ་སྦྱངས་ཀ་མེད་བྱུང་བའི་དགེ་ཕྲུག་ཞིག་ནས་ཟངས་ཚག་རྒྱག་རྒྱུར་ཤིན་ཏུ་དགའ་བའི་ལག་ཤེས་པ་ཞིག་ཏུ་གྱུར་པ་རེད།

    ▲ འདི་ནི་བོད་ལྗོངས་མེ་ལོང་ཟངས་ཚག་བརྐོས་མ་ཚད་ཡོད་ཀུང་སིས་ཇུས་འགོད་བྱས་ནས་ཚག་བརྒྱབ་པའི་དྲན་རྟེན་མེ་ལོང་ཡིན་པ།

    ལོ་གཉིས་སོང་རྗེས་དགེ་རྒན་ཚེ་ལས་འདས། དགེ་རྒན་གྱི་ཤན་བཟང་པོ་ཞུགས་པས་མིག་དམར་གྱིས་གནའ་བོའི་ཟངས་ཚག་རྒྱག་པའི་ལག་རྩལ་རྒྱུན་འཛིན་བྱས་ནས་དར་སྤེལ་གཏོང་རྒྱུའི་བློ་ཐག་བཅད་པ་རེད།

    ▲ འདི་ནི་བོད་ལྗོངས་མེ་ལོང་ཟངས་ཚག་བརྐོས་མ་ཚད་ཡོད་ཀུང་སིས་ཇུས་འགོད་བྱས་ནས་ཚག་བརྒྱབ་པའི་ཕྱེ་མར་གྱི་འབོ་ཡིན་པ།

    དེ་རྗེས་མིག་དམར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གནའ་བོའི་འཛུགས་སྐྲུན་མཛེས་རྩལ་ཀུང་སིར་འོང་སྟེ། ལག་རྩལ་པ་སྤེན་པའི་ས་ནས་ཚག་རྒྱག་པའི་ལག་རྩལ་སྦྱངས། ལག་རྩལ་སྦྱོང་བའི་ལོ་18ཀྱི་རིང་། ཟངས་ཚག་རྒྱག་རྒྱུར་དགའ་ཞེན་དང་སྙིང་རུས་ཆེ་བས། མིག་དམར་གྱི་ལག་རྩལ་བྱང་ཆུབ་པར་གྱུར་ཞིང་། ཁོང་གིས་ཚག་བརྒྱབ་པའི《ལོ་འཁོར་བཅུ་གཉིས》དང་། 《ཟངས་ཀྱི་ཐབ》 《བྱང་ཆུབ་མཆོད་རྟེན》 《སྟོན་པའི་ཟངས་ཀྱི་སྐུ་བརྙན》སོགས་ལ་ལག་ཤེས་བཟོ་རྩལ་སྣ་ཚོགས་ཀྱི་འགྲན་བསྡུར་ཆེ་མོའི་ནང་སྔ་རྗེས་སུ་བྱ་དགའ་ཐོབ་ཡོད།

    ▲ འདི་ནི་ལས་གཏོད་འགྲན་བསྡུར་སྐབས་མིག་དམར་གྱིས་གཙོ་སྐྱོང་བས་བཏོན་པའི་དྲི་བར་ལན་རྒྱག་བཞིན་པ།

    2013ལོར་ལོ་28ལ་སླེབས་པའི་མིག་དམར་ལག་རྩལ་མཐར་ཕྱིན་ཏེ། ལོ་དེར་ལྷ་སའི་བྱང་འདབས་སུ་ཁང་པ་ཞིག་གླས་ནས་རང་ཉིད་ཀྱི་ཟངས་ཚག་ཁང་བཙུགས་ཏེ་ཉིན་གང་ལས་ཀ་བྱས་ནས་སྡོད་ཀྱི་ཡོད། ལོ་ཕྱེད་ཀྱི་རྗེས་སུ་མིག་དམར་ལ་ལྷོ་ཁ་ནས་ཡིན་པའི་སྦྱིན་བདག་གཅིག་གིས་མཐོ་ཚད་ལ་སྨི་8ཟིན་པའི་བོད་བཟོའི་ལམ་སྒྲོན་ཞིག་བཟོ་རོགས་ཞེས་མངགས་པ་རེད། མངགས་ཐོ་དེ་ལེགས་གྲུབ་ཡག་པོ་ཡོང་ཆེད། མིག་དམར་གྱིས་ཉིན་གང་ལམ་སྒྲོན་ལ་ཚག་རྒྱག་པའི་ལས་ལ་གཞོལ་ནས་ཟླ་བ་གཉིས་འགོར་ཡོད། མཐར་ཚག་བརྒྱབ་པའི་ལམ་སྒྲོན་ལ་སྦྱིན་བདག་གི་གདེང་འཇོག་ཆེན་པོ་ཐོབ་ནས་འབྱུང་འགྱུར་གྱི་ལས་ཀ་མུ་མཐུད་ཡག་པོ་བསྒྲུབ་རྒྱུའི་སེམས་ཤུགས་ཆེས་ཆེར་འཕེལ་བ་རེད།

    ▲ འདི་ནི་མིག་དམར(གཡས་ཀྱི་གཉིས་པ)དང་ཁོང་གི་དགེ་ཕྲུག་གསུམ་མཉམ་དུ་བརྒྱབ་པའི་པར་ཡིན་པ།

    ཉིན་ཞིག་མིག་དམར་ལ་གློ་བུར་དུ་བློ་སྐྱེད་ཅིག་བྱུང་བ་སྟེ། “ཐེངས་ཤིག་ངའི་གྲོགས་པོའི་ཚོང་ཁང་ནང་ཡུལ་སྐོར་བ་ཞིག་ཡོང་སྟེ། ཞལ་ཐང་ཉོ་གི་ཡིན་ཟེར་བ་དང་། ཡུལ་སྐོར་བ་དེས་རང་ཉིད་ཀྱི་ཕ་ཡུལ་བཞའ་ཚན་ཆེ་བས་ཞལ་ཐང་ཉོས་ཚེ་ཚོས་གཞི་ལོག་པའི་སེམས་ཁྲལ་བྱེད་པ་རྟོགས། དེའི་ཚེ་ཚག་བརྒྱབ་པའི་ཞལ་ཐང་བཟོས་ན་མི་འགྲིག་པ་མེད་པའི་བསམ་བློ་འཁོར”ཏེ་མིག་དམར་གྱིས་ཚོད་ལྟ་བྱས་པ་བརྒྱུད་ལེགས་གྲུབ་བྱུང་ནས་ཐེངས་དང་པོ“ཚག་བརྒྱབ་ཞལ་ཐང”20བཟོས་པ་ཚང་མ་འཁྱུག་ཙམ་ནང་བྲིན་པ་རེད།

    རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་སྦྲགས། མི་རིགས་ཀྱི་ལག་ཤེས་ཐོན་རྫས་ལ་ཡང་སྔར་བྱུང་མྱོང་མེད་པའི་ཁྲོམ་ར་དང་འཕེལ་རྒྱས་ཀྱི་གོ་སྐབས་བྱུང་བའི་སྐབས་སུ། མིག་དམར་གྱིས་གོ་སྐབས་དེ་དང་བསྟུན་ཏེ་བོད་ལྗོངས་ཟངས་ཚག་བརྐོས་མ་ཚད་ཡོད་ཀུང་སི་ཐོ་འགོད་བྱས་ནས་རང་ལྗོངས་ཀྱི་ས་གནས་ཁག་ནས་ཚག་རྒྱག་རྒྱུར་དགའ་བའི་དགེ་ཕྲུག་མང་པོ་བསྡུས་པ་རེད།

    ▲ འདི་ནི་ཟངས་ཚག་ཁང་དུ་དགེ་ཕྲུག་གཉིས་ཀྱིས་ནན་ཏན་ངང་ཚག་རྒྱག་བཞིན་པ།

    དེ་རྗེས། མིག་དམར་གྱིས་དགེ་ཕྲུག་དང་མཉམ་དུ་ཚག་བརྒྱབ་པའི་ཕྱེ་མར་འབོ་དང་། སྤོས་གཞོང་། སྐུ་བརྙན་སོགས་མང་པོ་གསར་གཏོད་བྱས་ཡོད། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་དང་ཚག་རྒྱག་པའི་གནའ་བོའི་ལག་རྩལ་ཟུང་འབྲེལ་བྱས་ནས་ཚག་བརྒྱབ་པའི་ཟངས་ཆས་དང་། ཚག་བརྒྱབ་པའི་ཁྱིམ་ཆས། རིག་གནས་གསར་གཏོད་ཐོན་རྫས། མི་རིགས་ཀྱི་ཡུལ་སྐོར་ཐོན་རྫས། ཚག་བརྒྱབ་པའི་མཛེས་སྤྲོས་ཐོན་རྫས་སོགས་གསར་གཏོད་མང་པོ་བྱས་པར་ས་གནས་དེ་གའི་མང་ཚོགས་དང་ནང་སའི་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་པ་མ་ཟད། ཐོན་རྫས་ཀྱི་ཚོང་ལམ་ཡང་ཇེ་ཆེར་ཕྱིན་ནས་ཀུང་སི་དེ་ལས་རིགས་གཅིག་པའི་ཁྲོད་ནས་འབུར་དུ་ཐོན་ཡོད་པ་རེད།

    མི་དེ་བས་མང་བས་ཁོང་གི་སྒྱུ་རྩལ་ཐོན་རྫས་ལ་རྒྱུས་མངའ་ཡོང་ཆེད། མིག་དམར་གྱིས་ལས་རིགས་སློབ་གྲྭ་ཁག་གཅིག་ལ་གསོ་སྦྱོང་བྱེད་པར་འགྲོ་གི་ཡོད། “ལག་ཤེས་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས་མེས་པོས་བཞག་པའི་ལག་ཤེས་རྒྱུན་འཛིན་ཡག་པོ་བྱས་ནས་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་མིག་དམར་གྱིས་བཤད།

    ད་ཆ་ཀུང་སིར་ལས་མི་6ཡོད་པ་དང་། དེར་ལག་ཤེས་སྦྱོང་མཁན་དགེ་ཕྲུག་ཚང་མ་ལྟོ་རིན་དང་ཁང་རིན་སྤྲོད་མི་དགོས་པ་མ་ཟད། ལག་ཤེས་སྦྱོང་བར་སློབ་ཡོན་ཡང་སྤྲོད་མི་དགོས་པའི་ཁར་ཟླ་བ་རེར་འཚོ་བའི་ཁ་གསབ་སྒོར་800ལེན་རྒྱུ་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391723461