བོད་ལྗོངས།
བྲོ་དང་པི་ཝང་དང་ལྷན་གཅིག་ཏུ་འགྲོགས་པའི་མི་ཚེ།

    —— བོད་ལྗོངས་སྨར་ཁམས་ཀྱི་བྲོའི་རྒྱུན་འཛིན་པ་ཚེ་རིང་དབང་འདུས་ཀྱི་སྐོར་བཀོད་པ།

    མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཞུས་གཡུས་ཡའོ།

    བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཚྭ་ཁ་ལྷོ་གྲོང་རྡལ་གྱི་སྒོ་ར་ཆུང་ངུ་ཞིག་ཏུ་སྐྱོད་སྐབས་རོལ་ཆ་དཀྲོལ་བའི་སྒྲ་སྙན་པོ་ཞིག་སྒྲ་འཛིན་གྱི་བུ་གར་གྲགས་འོང་ཞིང་། གྱོན་ཆས་བབ་ཆགས་པའི་རྒད་པོ་ཞིག་གིས་ངེད་ཚོར་བསུ་བ་བྱས།

    “ང་ནི་ཚེ་རིང་དབང་འདུས་ཡིན”ཞེས་བརྗོད་པའི་སྐབས་སུ། ཕྱི་ནས་བལྟས་ཚེ་ཁོང་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྨར་ཁམས་ཀྱི་བྲོའི་རྒྱུན་འཛིན་པ་རེད་སྙམ་པ་མི་འདུག

    ལེགས་བཅོས་རྩོམ་སྒྲིག་བྱས་ནས་གནའ་བོའི་སྒྱུ་རྩལ་དེང་ལ་སྤྱོད་པ།

    ཁོང་ད་ལོ་ལོ་64ལ་སླེབས་པ་དང་། པི་ཝང་ཐེངས་དང་པོ་དཀྲོལ་དུས་ལོ་ལྔ་བཅུའི་གོང་དུ་རེད།

    ཚེ་རིང་དབང་འདུས་ཀྱི་ཕ་ཡུལ་དུ་ས་སྲོད་ལ་སླེབས་རིམ་བཞིན་ཕོ་མོ་རྒན་གཞོན་ཚང་མ་མཉམ་དུ་འཛོམས་ནས་མི་གཅིག་གིས་པི་ཝང་དཀྲོལ་ནས་གཞས་བཏང་ན་དེ་བྱིངས་རྣམས་རོལ་དབྱངས་ཀྱི་འགྲོས་དང་བསྟུན་ནས་འཁྲབ་པ་ནི་ཁམས་ཀྱི་བྲོ་རེད།

    1985ལོར། ཤང་དང་གྲོང་རྡལ་གྱི་རིག་རྩལ་རྐང་འཛིན་པ་ཞིག་ཡིན་པའི་ཚེ་རིང་དབང་འདུས་སྨར་ཁམས་རྫོང་སྒྱུ་རྩལ་སྐོར་སྐྱོད་འཁྲབ་སྟོན་རུ་ཁག་ལ་བདམས་པ་དང་། རིག་རྩལ་རུ་ཁག་གིས་ཁོང་ལ་པི་ཝང་གསར་པ་ཞིག་སྤྲད་པ་རེད།

    དེ་དུས་པི་ཝང་གི་རོལ་དབྱངས་དར་ཁྱབ་ཕྱིན་ནས་ཡུན་རིང་སོང་བ་དང་། བྲོའི་འཁྲབ་ཁྱེར་བལྟོས་བཅས་ཀྱིས་སྤྱིར་བཏང་ཞིག་རེད། དེ་དུས་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་རྫོང་གི་ཚབ་བྱས་ནས་ཆབ་མདོ་གྲོང་ཁྱེར་ལ་འཁྲབ་སྟོན་བྱེད་པར་བསྐྱོད་པ་དང་། ཚེ་རིང་དབང་འདུས་དང་ལས་རིགས་གཅིག་པ་ཕན་ཚུན་སྤེལ་རེས་དང་བསམ་བློ་བརྗེ་རེས་ཐོག་མར་བྱུང་མོད། གཟིགས་འབུལ་འཁྲབ་སྟོན་སྐབས། གྲུབ་འབྲས་བློ་ཡིད་ཚིམ་པ་ཞིག་ཐོབ་མེད། དེའི་ཚེ་ཆུང་དུས་ནས་བྲོ་འཁྲབ་རྒྱུར་དགའ་བའི་ཚེ་རིང་དབང་འདུས་ཀྱིས་རང་ཉིད་ཀྱིས་འཁྲབ་པའི་བྲོ་དེ་གཞན་ལ་འགྲན་མི་ཐུབ་པ་ཞིག་ཡིན་ནམ་སྙམ་ནས་སེམས་ལ་གཡོ་འགུལ་ཕྲན་བུ་བྱུང་བ་རེད།

    རྗེས་སུ་ཚེ་རིང་དབང་འདུས་ཀྱིས་སྨར་ཁམས་ཀྱི་ཉེ་འཁོར་ས་ཁུལ་དང་རྫོང་གཞན་གྱི་བྲོའི་སྟངས་སྟབས་དང་རོལ་དབྱངས་ཀྱི་མཚམས་ཚིགས་ལ་ལྟ་བར་བསྐྱོད་དེ་སློབ་སྦྱོང་བྱས་ནས་སྨར་ཁམས་ལ་ཕྱིར་ལོག་རྗེས། ཁོང་གིས་རིག་རྩལ་རུ་ཁག་གིས་སྤྲད་པའི་པི་ཝང་དཀྲོལ་ནས་ཡང་ཡང་འཚོལ་ཞིབ་དང་སྒྱུ་རྩལ་གྱི་མཚོན་ཐབས་པི་ཝང་གི་རོལ་དབྱངས་སུ་སྒྱུར་ཐབས་ལ་གཞོལ་བ་རེད།

    གསར་གཏོད་དང་རྒྱུན་འཛིན་བྱས་ནས་བྲོའི་འོད་སྡེར་བཏོན་པ།

    2000ལོར་ཚེ་རིང་དབང་འདུས་ཀྱིས་རོལ་དབྱངས་རྩོམ་སྒྲིག་གི་མཛུབ་ཁྲིད་བྱས་པ་དང་། དགེ་ཕྲུག་ཚེ་རིང་དོན་གྲུབ་སོགས་ཀྱིས་འཁྲབ་པའི་སྨར་ཁམས་ཀྱི་བྲོ《བཀྲ་ཤིས་རལ་པ》ཞེས་པར་རྒྱལ་ཡོངས་ཀྱི་སྐར་ཚོམ་བྱ་དགའ་སྐབས་བཅུ་པའི་ཐོག་གསེར་གྱི་བྱ་དགའ་ཐོབ་པ་རེད། འགྲན་བསྡུར་མ་བྱས་གོང་། ཚེ་རིང་དོན་གྲུབ་དང་རིག་རྩལ་རུ་ཁག་གི་རུ་མི་ཚོས་མཉམ་དུ་ཟླ་བ་བཞི་ལྷག་ཙམ་ནང་སྦྱོང་བྱས་པ་དང་། ཉིན་ལྟར་ཁང་པའི་ནང་སྐོམ་ན་ཇ་བསྲུབས་མ་འཐུང་བ་དང་། ལྟོགས་ན་མོག་མོག་བཟས་ནས་བྲོའི་སྟངས་སྟབས་རེ་རེ་བཞིན་ཁོང་དུ་བརྟན་པོར་ཆུད་པར་བྱས་པ་རེད།

    འགྲན་བསྡུར་མཇུག་འགྲིལ་རྗེས། ཚེ་རིང་དབང་འདུས་སྔར་བས་བྲེལ་འཚུབ་ཆེ་བར་གྱུར། ཁྲེང་ཏུའི་སྒྲ་ཕབ་ཀུང་སི་ཞིག་གིས་ཁོང་ལ་འབྲེལ་བ་བྱས་ནས་སྨར་ཁམས་ཀྱི་བྲོ་དེ་འོད་སྡེར་བཟོས་ཏེ་ཉར་ཚགས་དང་རྒྱུན་འཛིན་སྔར་བས་ཡག་པོ་ཡོང་བའི་རེ་བ་བཏོན་པ་རེད། “དེ་ནི་བྱ་བ་བཟང་པོ་ཞིག་རེད”ཅེས་ཁོང་གིས་སྐབས་དེ་དུས་ཕ་རོལ་གྱིས་གྲོས་འགོ་བཏོན་པར་དགའ་བ་ལྷག་པར་སྐྱེ་ཚུལ་དྲན་བཞིན་བཤད། 2005ལོར་ཁོང་ཁྲེང་ཏུར་སླེབས་ཤིང་། སྒྲ་ཕབ་ཁང་གི་སྒྲིག་ཆས་གསར་པར་ངོ་མཚར་སྐྱེས་པ་དང་བྲོ་ཚིག་གཅིག་སྒྲ་ཕབ་ནས་གཏོང་བའི་སྐབས། སྒྲ་ཕབ་ཡག་པོ་བྱུང་བའི་ཚོར་སྣང་དེ་ད་དུང་ཡང་བརྗོད་ཀྱིན་ཡོད།

    དེ་རྗེས། ཁོང་ལོ་ལྟར་ཁྲེང་ཏུར་འགྲོ་བ་དང་། སྔོན་མ་རྒྱུན་འཛིན་དང་། ལེགས་བཅོས་གསར་གཏོད། བསྐྱར་དུ་གསར་རྩོམ་བྱས་པའི་བྲོ་ཚིག་རེ་རེ་བཞིན་སྒྲ་ཕབ་བྱས་ནས་ད་ཆ་བྲོ་ཚིག་བརྒྱ་ལྷག་ཙམ་གྱི་འོད་སྡེར་བཟོས་ཡོད་པ་རེད། “དེ་དག་ནི་ང་ཚོའི་ནོར་བུ་ཡིན་པ་རྗེས་རབས་པ་ཚོས་བརྗེད་མི་རུང”ཞེས་ཚེ་རིང་དབང་འདུས་ཀྱིས་བཤད།

    ད་ཆ་ཚེ་རིང་དབང་འདུས་རྒན་ཡོལ་ཞུས་ཟིན་ཡང་། དལ་བའི་སྐབས་སྔར་རྒྱུན་བཞིན་པི་ཝང་དཀྲོལ་རྒྱུ་དེ་རང་ཉིད་ཀྱི་བདེ་བ་ཆེ་ཤོས་སུ་རྩི་བཞིན་ཡོད། དེས་མ་ཚད་ཁོང་གིས་གྲོང་ཚོའི་དགེ་ཕྲུག་མང་པོ་ཞིག་ལ་བསླབས་ཡོད། ལོ་30ལྷག་ཙམ་ལ་སླེབས་པའི་གཡུ་བསྟན་གྱིས་ཚེ་རིང་དབང་འདུས་བསྟེན་ནས་པི་ཝང་ལོ་ཁ་ཤས་སྦྱངས། པི་ཝང་གཅིག་ཐོགས་པ་དང་རྐུབ་སྟེགས་གཅིག་བརྒྱབ་ནས་གཅིག་གིས་སློབ་པ་དང་གཅིག་ཤོས་དེས་ཉན་ཏེ་ཕན་ཚུན་དབར་མཐུན་ཆ་ཆེ། “དགའ་མོས་ཁོ་ན་ལས་དངུལ་གྱི་ཆེད་དུ་མིན”ཞེས་གཡུ་བསྟན་གྱིས་འཛུམ་དམུལ་དམུལ་ངང་བཤད།

    རོལ་ཆའི་ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་ཡོང་བར་བྱས་པ།

    པི་ཝང་ལ་དགའ་པོ་བྱེད་མཁན་མང་དུ་སོང་བ་དང་བསྟུན་ནས། མི་འགས་ཚོང་གི་གོ་སྐབས་ཀྱང་མཐོང་ཡོད་ཅིང་། ཚེ་རིང་དོན་གྲུབ་ནི་དེའི་གྲས་ཤིག་རེད།

    2013ལོར་ཚེ་རིང་དོན་གྲུབ་ཀྱིས་པི་ཝང་བཟོ་གྲྭ་ཞིག་བཙུགས་པ་རེད། ཡིན་ནའང་2017ལོར་ཆར་པ་ཆེན་པོ་ཞིག་བབས་ཏེ་རི་ཉིལ་ནས་བཟོ་གྲྭ་དེ་མཚན་གཅིག་ལ་ཆུ་རུད་ཀྱིས་ཁྱེར་བ་རེད།

    “ལས་ཀ་དེ་མ་བྱེད། ལས་མི་ཞིག་བྱས་ནས་འཚོ་བ་བདེ་བདེ་ལྷོད་ལྷོད་ངང་བསྐྱལ་ན་མི་ཆོག་གམ”ཞེས་གཞན་གྱིས་ཁོང་ལ་ཁ་ཏ་བསླབ་བྱ་བྱས། ཚེ་རིང་དོན་གྲུབ་ཀྱིས་ཕམ་ཁ་དེ་མི་འཁུར་བར་རང་ཉིད་ཀྱི་བྱ་དགའ་དང་འཁྲབ་སྟོན་པར་རིས་རྩ་ཆེན་དག་ལ་བལྟས་ཏེ། “སྐབས་དེ་དུས་ཚང་མས《བཀྲ་ཤིས་རལ་པར》ལྟ་སྟངས་ཡག་པོ་མ་འཛིན་ཡང་། ང་ཚོས་ཨུ་ཚུགས་ཀྱིས་འཁྲབ་སྟོན་བྱས་པ་མ་ཡིན་ནམ། དེ་ལྟར་བྱས་ན་མི་འགྲིག་པ་གང་ཡོད་དམ”སྙམ་པའི་བསམ་བློ་ཡང་ཡང་འཁོར། དེ་ནས་ཚེ་རིང་དོན་གྲུབ་ཀྱིས་ཨམ་གཙིགས་བསྡམས་ཏེ་སྤུན་ཉེ་གྲོགས་པོའི་ས་ནས་དངུལ་གཡར་ཏེ་པི་ཝང་བཟོ་གྲྭ་བསྐྱར་དུ་བཙུགས་པ་རེད།

    “ཐོག་མར་པི་ཝང་དེ་དག་ཉོ་མཁན་དཀོན་པོ་འདུག”ཅེས་ཚེ་རིང་དབང་འདུས་ཀྱིས་བཤད་པ་དང་། ཁོང་གིས་བལྟས་ཙམ་ཉིད་ནས“དབྱིབས་མི་མཛེས་ལ་སྒྲ་གདངས་གསལ་པོ་མེད་པའི”གནས་ཚུལ་ཡོད་པ་འཕྲལ་མར་ཤེས་པ་རེད། ཁོང་གིས་དགེ་ཕྲུག་དཀའ་ཉེན་ལས་སྒྲོལ་ཆེད། ཇུས་འགོད་དང་། བཟོ་རྩལ་ཐད་མཛུབ་ཁྲིད་བྱས་པ་དེས་ཚེ་རིང་དོན་གྲུབ་ཀྱིས་པི་ཝང་བཟོ་བར་རྒྱུས་མངའ་སྔར་བས་ཟབ་ཏུ་སོང་བ་རེད། སྲིད་གཞུང་གི་རོགས་རམ་ལ་བརྟེན་ནས་ཚེ་རིང་དོན་གྲུབ་ཀྱི་པི་ཝང་བཟོ་གྲྭ་བསྐྱར་དུ་སྒོ་ཕྱེ་བ་རེད།

    “ན་ནིང་བཟོ་གྲྭས་པི་ཝང་དང་དེ་མིན་གྱི་རོལ་ཆ་གཞན་སྟོང་ལྷག་ཙམ་བཟོས་ནས་ཕྱིར་ཚོང་བྱས་པ་དང་། ད་དུང་ད་ཆ་མི་རིགས་ཀྱི་གྱོན་ཆས་ཀྱང་བཙེམས་ནས་ལོར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་ཟིན་ཡོད། རང་ཉིད་ཕྱུག་པོ་ཆགས་པ་མ་ཟད། ད་དུང་དབང་པོ་སྐྱོན་ཅན་4ལས་ཞུགས་ཐུབ་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་13དབུལ་སྒྲོལ་ཐུབ་ནས་ཆ་སྙོམས་མི་རེར་ལོར་ཡོང་འབབ་སྒོར་ཁྲི་3ལས་བརྒལ་ཡོད”ཅེས་ཚེ་རིང་དོན་གྲུབ་ཀྱིས་བཤད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392313561