བོད་ལྗོངས།
རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པ་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་དུ་གྲོལ་བ།

    ཉེ་ཆར། དུས་ཡུན་ཉིན་བཞི་ཡི་རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པ་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་དུ་གྲོལ་ཞིང་། ཐེངས་འདིའི་ཚོགས་འདུར་པེ་ཅིང་དང་། བོད་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཀྱི་འབྲེལ་ཡོད་ཚན་པ་50ཙམ་གྱི་འཐུས་མི་100ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་འདུའི་རིང་། ཡོངས་འཛིནAPPཔར་གཞི་གསར་པ་དང་ཡོངས་འཛིན་གཏག་ཐབས་ཀྱི་ཡོངས་བསྒྲགས་ཚོགས་འདུ་དང་། མཉམ་འདྲེས་སྨྱན་སྦྱོར་འཕེལ་རྒྱས་གཏོང་བའི་ཉམས་མྱོང་བརྗེ་རེས་ཚོགས་འདུ། བརྡ་ཆད་གསར་པའི་ཞུས་བཤེར་གཏན་འབེབས་ཀྱི་ཚོགས་འདུ་སོགས་འཚོགས་པ་མ་ཟད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཆ་ཁ་ཤས་སུ་ཆེད་དོན་བཅར་འདྲི་བྱེད་པའི་བྱེད་སྒོ་སྤེལ་བ་རེད།

    མཉམ་འདྲེས་སྨྱན་སྦྱོར་འཕེལ་རྒྱས་གཏོང་བའི་ཉམས་མྱོང་བརྗེ་རེས་ཚོགས་འདུའི་ཚོགས་ར།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཚོགས་འདུར་ཚན་པ་ཁག་གིས་ལོ་གཅིག་རིང་གི་གསར་འགྱུར་དང་། པར་ངོས། སྒྲུར་ཡིག དཔྱད་རྩོམ་སོགས་ཁྱོན་བརྩམས་ཆོས་350དཔྱད་འདེམས་སུ་འོས་སྦྱོར་བྱས་ཡོད་པར། དཔྱད་ཞིབ་ཚོགས་ཆུང་གིས་དྲང་བདེན་དང་འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་། དཔྱད་འདེམས་ནན་པོ་བྱས་པས། མཐར་བརྩམས་ཆོས་320ལ་བྱ་དགའ་ཐོབ་ཡོད་པ་རེད། དེ་བཞིན་ཚོགས་འདུའི་ཐོག་སྨྱན་སྦྱོར་ཁག་གིས་ཞུས་བཤེར་གཏན་འཁེལ་དུ་ཐ་སྙད་དང་བརྡ་ཆད་གསར་པ་500ལྷག་ཙམ་བསྐྱལ་ཡོད་པས་ན། རིགས་གཅིག་མཁས་ཅན་ཚོས་ནན་གྱིས་གྲོས་ཞིབ་བྱས་རྗེས། མཐར་ཐ་སྙད་དང་བརྡ་ཆད་གསར་པ་82གཅིག་གྱུར་བྱུང་ནས་སླད་ཕྱིན་ལས་དོན་ཁྲོད་སྤྱོད་རྒྱུའི་ཐག་བཅད་པ་རེད།

    གསེར་ཆེན་རྫོང་ཅང་ཤེས་གྲོང་རྡལ་རྨོག་རུ་སྡེ་པར་བཅར་འདྲི་བྱེད་བཞིན་པ།

    གཞན་ཡང་། ཚོགས་འདུའི་རིང་། ཚོགས་ཞུགས་འཐུས་མི་ཚོས་ཐེངས་འདིའི་ཚོགས་འདུ་གོ་སྐབས་སུ་བཟུང་ནས། བོད་ཡིག་གི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཇི་ལྟར་གཏོང་དགོས་ཚུལ་སོགས་ལ་སྤེལ་རེས་གཏིང་ཟབ་གནང་བ་མ་ཟད། མཚོ་ལྷོ་ཁུལ་གྱི་དབུལ་སྐྱོར་ཐོན་ལས་གླིང་དང་། མཚོ་ལྷོ་ཁུལ་གྲངས་གཞི་ཆེ་མོའི་ཐོན་ལས་གླིང་། མཚོ་ལྷོ་ཁུལ་ཉི་ནུས་གླིང་སོགས་སུ་མཚོ་ལྷོ་ལ་ལྟ་བ་ཞེས་པའི་གཞི་རྒྱ་ཆེ་བའི་བཅར་འདྲིའི་བྱེད་སྒོ་སྤེལ་བ་རེད།

    ཚགས་པར་དཔྱད་འདེམས་བྱེད་བཞིན་པ།

    ཚོགས་ཞུགས་མི་སྣ་མང་པོས། ཐེངས་འདིའི་ཚོགས་འདུ་བརྒྱུད། རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་སྦྱོར་ཁག་གིས་སྔར་བས་བསམ་བློར་བཅིངས་འགྲོལ་དང་། གསར་འབྱེད་གསར་གཏོད་བྱས་ཏེ་བོད་ཡིག་གི་སྨྱན་སྦྱོར་འཕེལ་རྒྱས་གཏོང་སྟངས་གསར་པ་ཞིག་གཏོད་པར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ངེས་རེད་འདུག་ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

    (བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཚེ་བརྟན་རྡོ་རྗེ། ཕན་ཐོགས། བསྟན་འཛིན)

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392843891