བོད་ལྗོངས།
ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་། རིག་གནས་གྲོང་ཁྱེར་གསར་པ་བཏོད།

    —— སྟོད་ལུང་བདེ་ཆེན་ཆུས་ཀྱིས་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    ཉེ་བའི་ལོ་ཤས་རིང་། གྲོང་གསེབ་ཀྱི་ཡུལ་སྐོར་དར་རྒྱས་འགྲོ་བ་དང་ཆབས་ཅིག ཁོར་ཡུག་མཛེས་ལ་མཁའ་རླུང་གཙང་བའི་གྲོང་གསེབ་འདི་ཉིད་དུས་ཆེན་དང་ངལ་གསོའི་རིང་གྲོང་མི་མང་པོས་གདམ་ག་བྱེད་པའི་གླིང་ཁ་གཏོང་ཡུལ་དུ་གྱུར།

    སྟོད་ལུང་བདེ་ཆེན་ཆུས་ཀྱི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་སྡེ་དང་གཞིས་ཀ་ཡོད་པ་མ་ཟད། གཡུ་ཐོག་ཡོན་ཏན་མགོན་པོ་དང་། མགར་སྟོང་བཙན། མོང་བཟའ་ཁྲི་ལྕམ། ཟངས་དཀར་ལོ་ཙཱ་བ་བཅས་ཀྱི་འཁྲུངས་ཡུལ་ཡང་རེད། ད་དུང་ལྗོངས་ནང་ཁུལ་དུ་སྐད་གྲགས་ཡོད་པའི་ཆུ་བཟང་ཆུ་ཚན་ཡང་དེ་གར་གནས། ལྷ་སའི་གྲོང་མིས་གཙོ་བོར་བྱས་པའི་གླིང་ཁ་གཏོང་སའི་སྤྲོ་སྐྱིད་ཁང་དེ་ཡང་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

    རྒྱལ་ལམ་318དང་109ཡི་འབྲེལ་འཚམས་སུ་ཆགས་པའི་ལྟེ་བའི་གྲོང་ཁྱེར་གྱི་ཞོར་གཏོགས་ལྟེ་གནས་སྟེ། སྟོད་ལུང་བདེ་ཆེན་ཆུས་ནི་ལྕགས་ལམ་དང་གཞུང་ལམ་གྱི་ཟོག་འགྲེམས་འདུ་འཛོམས་ཁུལ་ཞིག་རེད། ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཟོག་འགྲེམས་གྲོང་རྡལ་ཆུང་ངུ་དང་ཁྱད་ལྡན་རིག་གནས་གྲོང་གསར་གཏོད་རྒྱུར་གཞོལ་བཞིན། ཐོན་ལས་འཕེལ་རྒྱས་དང་ཐོན་ལས་ཀྱི་གྲུབ་ཆ་གཞན་སྒྱུར་རིམ་སྤོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། ས་གནས་དེ་གའི་དམངས་སྲོལ་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོང་། དར་སྤེལ་དང་། མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུའི་ཁྲིད་སྟོན། དེང་རབས་ཡུལ་སྐོར་གྱི་གཞི་རྒྱུ་བསྣན་པ་བཅས་བྱས་པས་དེང་རབས་དང་སྲོལ་རྒྱུན་མཉམ་འདྲེས་ཀྱི་ཡུལ་སྐོར་གྱི་ལས་རྣམ་གསར་པ་ཞིག་གྲུབ་ཡོད།

    ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས“ཡུལ་སྐོར་+”ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཏེ་གནའ་བོའི་ཞང་ཞུང་གི་རིག་གནས་དང་། ལྷ་མོ་དང་བོད་ལུགས་གསོ་རིག་རིག་གནས། རྨོ་འདེབས་རིག་གནས་བཅས་གཞི་རྟེན་དང“ཞང་ཞུང་མེ་ཏོག”སྣོད་བཅུད་ཡུལ་སྐོར་རིག་གནས་ཐོན་ལས་ཁུལ་དམ་འཛིན་བྱ་གཞིར་བྱས་ཏེ། ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་ཐོན་ལས་ལམ་བུར་བསྐྱོད་ཅིང་། “མཚུར་ཕུ་རོང་གི་རྐང་འཁོར་འགྲན་བསྡུར”དང་། “རྒུ་རུམ་རིག་གནས་དུས་ཆེན” “སྐྱོར་མོ་ལུང་ལྷ་མོའི་རིག་གནས་ཡུལ་སྐོར་དུས་ཆེན” “ལུམས་རྒྱག་ལུས་གསོ”བཅས་ཉམས་ལེན་གཏིང་ཟབ་ཀྱི་ཡུལ་སྐོར་དང་དེ་བཞིན“དགུན་དུས་བོད་དུ་ཡུལ་སྐོར་དུ་སྐྱོད། སྒོར་གཅིག་གིས་མཛེས་པའི་སྟོད་ལུང་བསྐོར”ཞེས་པའི་ཡུལ་སྐོར་ཆེད་དོན་བྱེད་སྒོ་སོགས་རིགས་ཁག་གི་བསམ་བཀོད་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་ཏེ། “ལྷ་སའི་བྱང་སྐོར་ལམ་གྱི་ཡུལ་སྐོར་མིང་བྱང་གསར་པ”ཧུར་ཐག་བཏོད་ཡོད།

    དུས་མཚུངས་སུ། སྟོད་ལུང་བདེ་ཆེན་ཆུས་ཀྱིས་འབྲོག་མ་གྲོང་ཚོ་དང་། མཚོ་སྨད་གྲོང་ཚོ། ཆུ་བཟང་གྲོང་ཚོ་བཅས་ཀྱི་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་ས་ཚིགས་འཆར་འགོད་འཛུགས་སྐྲུན་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་མ་ཟད། ད་དུང་གྲོང་དར་སོས་དལ་གྱི་གཞིས་ཀ་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱས་པས། གྲོང་གསེབ་ཡུལ་སྐོར་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་ཡོད། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་ལིང་ཧྥུང་རྒྱལ་སྤྱིའི་བློ་རིག་ཟོག་འགྲེམས་གླིང་སོགས་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ་དང་། དེ་བཞིན་བཟང་མོ་གྲོང་ཚོའི་ཉོ་སྒྲུབ་ལྟེ་གནས་སོགས་གྲོང་ཁྱེར་གྱི་ཚོང་ལས་ཕྱོགས་བསྡུས་མ་ལག་བཙུགས་པ་དང་འབྲེལ། གཉེར་སྐྱོང་བྱེད་འགོ་ཡང་ཚུགས་པས་ངར་ལྕགས་རྒྱུ་ཆ་དང་འཕྲུལ་འཁོར་ཉོ་ཚོང་དང་། དེ་བཞིན་ཚལ་རིགས་དང་། ཤིང་ཏོག ཞིང་ཞོར་ཐོན་རྫས། སྤུས་ལེགས་ཀྱི་ཉེར་སྤྱོད་དངོས་རྫས་བཅས་མཁོ་འདོན་སོགས་གཞི་གཅིག་ཏུ་འདུས་པའི་ཚོང་དོན་ཟོག་འགྲེམས་གཅིག་འདུས་ཁུལ་ཞིག་རགས་ཙམ་གྲུབ་ཡོད།

    འདི་ལོ། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་བྱེད་ཆེད། སྟོད་ལུང་བདེ་ཆེན་ཆུས་ཀྱིས“མཉམ་འདྲེས་འཚམ་ན་མཉམ་འདྲེས་དང་། མཉམ་འདྲེས་ཐུབ་རིགས་མཉམ་འདྲེས། རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད། ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་རྒྱས”བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ལ་བརྟེན་ནས་ཁྱད་ལྡན་སྤུས་རྟགས་གཏོད་པ་དང་། འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393364051