བོད་ལྗོངས།
ཀྲུང་ཕྱིའི་མཁས་དབང་གིས“ཧི་མ་ལ་ཡའི་ས་ཁོངས་མཉམ་ལས”ལ་མཉམ་དུ་བགྲོ་གླེང་བྱས་པ།

    ཤིན་ཧྭ་གསར་འགྱུར་ཁང་དུ་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་28ཉིན་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་བོད་ལྗོངས་ཇུས་འདོན་ཚོགས་པ་དང་། མི་རིགས་རིག་པ་དང་མིའི་རིགས་རིག་པ་ཞིབ་འཇུག་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པའི“ཧི་མ་ལ་ཡའི་ས་ཁོངས་ཞིབ་འཇུག་གི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སྐབས་བཞི་པ”པེ་ཅིང་དུ་འཚོགས་པ་རེད། ཀྲུང་ཕྱིའི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་བརྙན་ལམ་ཚོགས་འདུའི་རྣམ་པ་སྤྱད་ནས“ཏོག་གསར་གློ་ཚད་རིམས་ནད་འོག་ཧི་མ་ལ་ཡའི་ས་ཁོངས་མཉམ་ལས་བྱེད་པ”དང་། “ཧི་མ་ལ་ཡ་བརྒལ་བའི་ས་ཁོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ”སོགས་ཀྱི་གྲོས་གཞིར་དམིགས་ནས་བགྲོ་གླེང་གཏིང་ཟབ་བྱས་ཏེ་མཉམ་ལས་གཉིས་ཕན་སྐོར་མཉམ་དུ་གླེང་བ་རེད།

    རིམས་ནད་ཀྱི་ཤུགས་རྐྱེན་འོག་ཀྲུང་གོ་དང་། ནེ་པ་ལ། རྒྱ་གར་བཅས་དབར་གྱི་དཔལ་འབྱོར་བར་ཁྱམས་འཕེལ་རྒྱས་ཇི་ལྟར་ཡོང་བར་དམིགས་ནས། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཀྲུང་གོ་མཐའ་མཚམས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་སུན་ཧུང་ཉན་གྱིས“རིམས་ནད་དུས་མཇུག་གི་སྐབས་སུ་ས་ཁོངས་མཉམ་ལས་མགྱོགས་སུ་གཏོང་དགོས་ཀྱི་ཡོད། ཀྲུང་གོ་དང་། ནེ་པ་ལ། རྒྱ་གར་བཅས་ཀྱི་དཔལ་འབྱོར་བར་ཁྱམས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པས་ཕྱོགས་མང་པོ་ནས་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་དགོས་ལ་དཔལ་འབྱོར་ཚོང་དོན་དང་མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བརྒྱུད་ཀྲུང་གོ་དང་། ནེ་པ་ལ། རྒྱ་གར་བཅས་མི་དམངས་དབར་གྱི་ཤེས་རྟོགས་དང་ཡིད་ཆེས་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གསུམ་གྱི་ཕན་ཚུན་སྦྲེལ་མཐུད་ལ་དམངས་འདོད་ཀྱི་རྨང་གཞི་བཏིང་ཡོད”ཅེས་བཤད།

    ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མ་སྤེལ་རེས་བྱེད་རིང་བོད་ཀྱི་རིག་གནས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཇི་ལྟར་བྱེད་དགོས་སམ་ཞེ་ན། ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ཝུའུ་ཤིས་ཀྱིས་བོད་བརྒྱུད་ནང་བསྟན་ནི་གནའ་བོའི་དར་གོས་ལམ་བུར་བཀྲག་མདངས་འཚེར་བའི་རྣམ་པ་ཞིག་ཡིན་པས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྣེ་ཁྲིད་འོག་རིག་གནས་སྤེལ་རེས་དེར་དུས་རབས་ཀྱི་ནང་དོན་གསར་པ་སྣོན་དགོས་ཞེས་བརྗོད།

    དེ་དང་དུས་མཚུངས་སུ། “ནུབ་ཕྱོགས་ཀྱི་རང་མོས་རིང་ལུགས་གསར་པས་ཧི་མ་ལ་ཡའི་ས་ཁོངས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན”དང“ས་མཚམས་སྒྲོལ་བའི་མིའི་རིགས་ཁྱུ་ནས་ས་ཁོངས་མཉམ་ལས་ལ་ལྟ་བའི་དོན་སྙིང་གལ་ཆེན”སོགས་ཀྱི་བརྗོད་གཞིར་དམིགས་ཏེ་ནེ་པ་ལའི་མིའི་རིགས་ཀྱི་རིག་པ་མཁས་ཅན་ལ་ཡ·ཕུའུ་ལ་ས·ཝུའུ་ཕུའུ་ལི་ཐི་དང་། རི་པིན་ཐོ་ཁེའོ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་མིང་ཧོ་ཁེ་ལང་སོགས་མཁས་དབང་གིས་རང་ངོས་ཀྱི་ཞིབ་འཇུག་དང་ཟུང་འབྲེལ་བྱས་ནས་བརྗོད་དོན་གཙོ་བོ་གཏམ་བཤད་བྱས་པ་རེད།

    བརྗོད་དོན་གཙོ་བོ་གཏམ་བཤད་ཕུད། བགྲོ་གླེང་ཚོགས་འདུའི་ཐོག་ད་དུང་རིགས་གཅིག་མཁས་ཅན་གདན་དྲངས་ནས་གཏམ་བཤད་ལ་དཔྱད་མོལ་བྱས་ཤིང་། ཁོང་ཚོས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཁས་དབང་ཚོའི་གཏམ་བཤད་ལ་བོད་དང་ཧི་མ་ལ་ཡའི་ས་ཁོངས་འཕེལ་རྒྱས་ཀྱི་ལག་ལེན་འཚོལ་ཞིབ་དང་། གཞི་རྩའི་ཉམས་མྱོང་། ཉེན་ཁའི་འགྲན་སློང་བཅས་ངོ་སྤྲོད་བྱས་ནས་ས་ཁུལ་དེའི་ས་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་བཏོན་ཡོད་ལ་རིག་གཞུང་ཐད་ཀྱི་ངོས་འཛིན་གཅིག་མཐུན་ཡང་བྱུང་ཡོད་ཅེས་བརྗོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393364191