བོད་ལྗོངས།
བོད་རྒྱ་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་དང་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་གཉིས་ཐེངས་དང་པོར་དྲ་ཐོག་ནས་བསྡུས།

    བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་སྐབས་བཞི་པའི་བརྗོད་དོན་གཙོ་བོའི་པར་རིས།

    བོད་རྒྱ་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་སྐབས་ལྔ་པའི་བརྗོད་དོན་གཙོ་བོའི་པར་རིས།

    ཉེ་ཆར་བོད་རྒྱ་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་སྐབས་ལྔ་པ་དང་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་སྐབས་བཞི་པ་གཉིས་སྤྲིན་དཀར་ནན་ཁའེ་ཞེས་པའི་དྲ་ལམ་ཐོག་ཏུ་ཚོགས་པ་དང་། དེ་ནི་དབྱར་སྦྱོང་འཛིན་གྲྭ་དང་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་དྲ་ལམ་ཐོག་ཏུ་བསྡུས་པ་ཐོག་དང་པོ་ཡིན། དབྱར་སྦྱོང་འཛིན་གྲྭ་དང་བགྲོ་གླེང་ཚོགས་འདུ་དེ་གཉིས་ནི་ནན་ཁའེ་སློབ་ཆེན་རྩོམ་རིག་སློབ་གླིང་ནས་གཙོ་སྒྲུབ་དང་། ནན་ཁའེ་སློབ་ཆེན་བོད་རྒྱ་སྐད་རིགས་ཞིབ་འཇུག་ལྟེ་གནས། མཚོ་སྔོན་བོད་ཀྱི་དཔེ་རྙིང་ཞིབ་འཇུག་ཁང་། ཧྲང་ཧེ་དགེ་ཐོན་སློབ་ཆེན་གྱི་བོད་རིག་པའི་ཞིབ་འཇུག་ལྟེ་གནས། ཀྲུང་ཧྲན་སློབ་ཆེན་སོགས་ཀྱིས་མཉམ་སྒྲུབ་གནང་བ་ཞིག་རེད།

    བོད་རྒྱ་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་ནི་ནན་ཁའེ་སློབ་ཆེན་རྩོམ་རིག་སློབ་གླིང་གི་འཛམ་གླིང་ནན་ཁའེ་ཞེས་པའི་ལས་གཞི་ལས་བྱེ་བྲག་གི་ལས་གཞི་གཙོ་བོ་ཞིག་ཡིན། ཐེངས་འདིའི་དབྱར་སྦྱོང་འཛིན་གྲྭའི་ཐོག་ཏུ་ཨ་རིའི་སིཀོཌྀ་དྷེ་ལན་སེ(Scott Delancey)ལགས་དང་མཱ་རའེ་ལིནྣ(Mary Linn)ལགས། ཧྥ་རན་སིའི་གྷི་ཡོམ་བཞའ་ཁོ (Guillaume Jacques) ལགས། དབྱིན་ཇིའི་ཐིམ་ཐུར་སྀ་ཏོན(Tim Thurston)ལགས་བཅས་དབྱིན་ཇི་དང་། ཨ་རི། ཧྥ་རན་སི་སོགས་ནས་ཕེབས་གནང་བའི་དགེ་རྒན་ཆེན་མོ་དང་། ཨ་རིའི་སྐད་བརྡ་རིག་པའི་ཆེད་སྦྱོང་འབུམ་རམས་པ་ན་བློ་བཟང་ཚེ་རིང(Nathaniel Sims)ལགས་དང་ཀོན་ཤོན(管璇)ལགས། དེ་མིན་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བདེ་མཆོག་ལགས་དང་། ནན་ཁའེ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡེ་ཤེས་འོད་གསལ་ཨ་ཚོགས་ལགས། ཀྲུང་ཧྲན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཉི་མ་ཚེ་རིང(邵明园)ལགས་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པ་གུ་རུ་སྐྱབས་ལགས་བཅས་ཆེད་མཁས་པ་བཅུ་ལྷག་མ་སྐུལ་དང་བླངས་སྒོས་དབྱར་སྦྱོང་འཛིན་གྲྭའི་སློབ་ཁྲིད་དགེ་རྒན་དང་འཆད་ཁྲིད་དགེ་རྒན་གྱི་འགན་བཞེས་ཡོད་ཅིང་། ཀྲུང་གོའི་ནུབ་ཁུལ་གྱི་མི་རིགས་མཐོ་སློབ་ཁག་དང་། ནན་ཁའེ་སློབ་ཆེན་དང་། ཀྲུང་ཧྲན་སློབ་ཆེན། ཧྲང་ཧེ་དགེ་ཐོན་སློབ་ཆེན་སོགས་ཀྱི་སྐད་བརྡ་རིག་པའི་ཆེད་སྦྱོང་སློབ་མ་བཞི་བཅུ་ཞེ་གཉིས་སློབ་ཁྲིད་ལ་ཞུགས་ནས་དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་དང་ཐབས་ཤེས་ལ་ཆེད་སྦྱོང་བྱས། དེས་མ་ཚད་སློབ་མ་རྣམས་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་སྐབས་བཞི་པར་ཞུགས་ནས་རྒྱལ་ནང་གི་བོད་ཀྱི་སྐད་དང་ཡི་གེའི་སྐོར་གྱི་ཞིབ་འཇུག་གྲུབ་འབྲས་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་ཐོབ།

    བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་སྐབས་བཞི་པར་ཞུགས་པའི་འགོ་ཁྲིད་དང་ཆེད་མཁས་པ།

    བོད་རྒྱ་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་སྐབས་ལྔ་པར་ཞུགས་པའི་འགོ་ཁྲིད་དང་ཆེད་མཁས་པ།

    བོད་རྒྱ་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་ནི་རྒྱལ་ཕྱི་ནང་གི་ཆེད་མཁས་པ་མཉམ་འབྲེལ་ཐོག དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་དང་ཐབས་ཤེས་ལ་ནང་བྱན་ཆུད་པའི་རང་ས་རང་ཡུལ་གྱི་ཞིབ་འཇུག་མི་སྣ་གསོ་སྐྱོང་བྱ་རྒྱུ་དམིགས་སུ་བཟུང་བའི་ཟབ་སྦྱོང་འཛིན་གྲྭ་ཞིག་ཡིན། ད་ལྟའི་བར་དུ་དབྱར་སྦྱོང་འཛིན་གྲྭའི་ཕུལ་བྱུང་སློབ་མ་བཅུ་གཅིག་རྒྱལ་ཕྱི་ནང་གི་མཐོ་སློབ་ཁག་ཏུ་འབུམ་རམས་པར་རྒྱུགས་འཕྲོད་ཡོད་ཅིང་། དེ་ལས་སློབ་མ་ལྔ་ནི་དབྱར་སྦྱོང་འཛིན་གྲྭའི་དགེ་རྒན་ལ་བསྟེན་ནས་པེ་ཅིང་དང་ཐེན་ཅིན། ཧྲང་ཧེ་བཅས་ཀྱི་མཐོ་སློབ་དག་ཏུ་སྐད་བརྡ་རིག་པའི་འབུམ་རམས་པ་འདོན་བཞིན་པ་དང་། སློབ་མ་གཉིས་ནི་ནུབ་ཕྱོགས་ཀྱི་མཐོ་སློབ་ཏུ་སྐད་བརྡ་རིག་པའི་འབུམ་རམས་པའི་བསླབ་གནས་གཉེར་བའི་སྐལ་བ་བྱུང་། སློབ་མ་གཞན་གཉིས་ཀྱིས་པེ་ཅིང་སོགས་ཀྱི་མཐོ་སློབ་ཏུ་ཆེད་ལས་གཞན་གྱི་འབུམ་རམས་པའི་བསླབ་གནས་གཉེར་བཞིན་པ་བཅས། ལོ་ལྔའི་རིང་ལ་དབྱར་སྦྱོང་འཛིན་གྲྭས་བོད་རྒྱ་སྐད་བརྡ་ཞིབ་འཇུག་གི་རྗེས་འཇུག་མི་སྣ་གསོ་སྐྱོང་དང་ནན་ཁའེ་སློབ་ཆེན་སྐད་བརྡ་རིག་པའི་རིག་ཚན་འཛུགས་སྐྲུན་ཐད་དུ་ནུས་པ་ཆེན་པོ་བཏོན་དང་འདོན་བཞིན་མཆིས་སོ།

    བོད་རྒྱ་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་སྐབས་ལྔ་པའི་དགེ་རྒན་རྣམ་པ།

    དེ་ཡང ༢༠༢༠ལོའི་ཟླ༨པའི་ཚེས༡༧ཉིན་ལ་བོད་རྒྱ་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་དངོས་སུ་མགོ་བརྩམས་པ་དང་། ནན་ཁའེ་སློབ་ཆེན་བོད་རྒྱ་སྐད་རིགས་ཞིབ་འཇུག་ཁང་གི་ཀྲུའུ་རིན་དང་དགེ་རྒན་ཆེན་མོ་ཡེ་ཤེས་འོད་གསལ་ཨ་ཚོགས་ལགས་ཀྱིས་དབུ་མཛད་མདོ་འཛིན་གནང་ཐོག ཨ་རིའི་སྨི་སོ་ནྰེ་སློབ་ཚོགས་ཀྱི་དགེ་རྒན་ཆེན་མོ་མཱ་རའེ་ལིནྣ(Mary Linn)ལགས་དང་ཨོ་རེ་ཀོན་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སིཀོཌྀ་དྷེ་ལན་སེ(Scott Delancy)ལགས། ནན་ཁའེ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཙིང་ཞའོ་ཡུའུ་(曾晓渝)ལགས་བཅས་འཛིན་གྲྭའི་དབུ་འབྱེད་མཛད་སྒོའི་ཐོག་ཏུ་ཕེབས་ནས་གསུང་བཤད་གལ་ཆེན་གནང་པ་དང་། ཟླ༨པའི་ཚེས༢༩ཉིན་གྱི་འཛིན་གྲྭའི་ཚོགས་གྲོལ་མཛད་སྒོ་ཐོག་ཏུ་དགེ་རྒན་ཆེན་མོ་མཱ་རའེ་ལིནྣ(Mary Linn)ལགས་དང་པེ་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལིན་ཡུ་ཅིན(林幼菁)ལགས། ཧྥ་རན་སི་རྒྱལ་ཁབ་ཚན་རིག་ཁང་གི་དགེ་རྒན་ཆེན་མོ་ཀཊིཡ་ཆི་ཁོ་ཝ་(Katia Chirkova)ལགས། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་རྗེ་དོན་གྲུབ་ལགས། ཀྲུང་ཧྲན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཉི་མ་ཚེ་རིང(邵明园)ལགས། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པ་གུ་རུ་སྐྱབས་ལགས་བཅས་ཀྱིས་ཤིས་སྨོན་གསུང་བཤད་གནང་ཡོད །

    བོད་རྒྱ་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་སྐབས་ལྔ་པའི་དྲ་ཐོག་གི་འགོ་རྩོམ་མཛད་སྒོ།

    བོད་རྒྱ་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭའི་སློབ་ཡུན་ནི་ལོ་གཉིས་ཡིན་ཞིང་། ལོ་དང་པོར་སྐད་སྒྲའི་བརྟག་དཔྱད་དང་དབྱེ་ཞིབ་གཙོ་བོར་འཛིན་ལ། ལོ་གཉིས་པར་བརྡ་སྤྲོད་ཀྱི་བརྟག་དཔྱད་དང་དབྱེ་ཞིབ་གནད་དུ་བཟུང་། དེ་དང་མཉམ་དུ་དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་ཀྱི་བརྗོད་གཞི་དང་། སྐད་བརྡ་རིག་པའི་དངོས་བཤེར། མཉེན་ཆས་ཀྱི་ཉེར་སྤྱོད་སོགས་ཀྱིས་ཟུར་བརྒྱན་ནས་སློབ་ཁྲིད་བྱེད་བཞིན་ཡོད། ལོ་རེའི་ཁྲིན་ཐུན་ཆུ་ཚོད༨༠ལས་མི་ཉུང་ཞིང་། ལོ་གཉིས་ཀྱི་ཁྲིད་ཐུན་ཁྱོན་ཆུ་ཚོད༡༦༠ལས་མི་ཉུང་། འདི་ནི་ཡུལ་དངོས་བརྟག་དཔྱད་དང་སྐད་བརྡ་རིག་པའི་ཁ་ཕྱོགས་ཀྱི་ཤེས་རམས་ཞིབ་འཇུག་སློབ་མའི་ཆེད་ལས་ཀྱི་བསླབ་ཚན་དང་དེའི་སློབ་སྐར་ཡོངས་དང་གཉིས་སུ་མེད། མ་ཟད་རིག་གཞུང་འཆད་ཁྲིད་སྣ་མང་དང་སློབ་མའི་བགྲོ་གླེང་སོགས་ཀྱང་བཀོད་སྒྲིག་བྱེད་བཞིན་ཡོད། འདིར་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་རྩེ་གྲ་མང་པོས་རིན་མེད་ངང་སློབ་ཁྲིད་བྱེད་བཞིན་ཡོད་པར་མ་ཟད་རྒྱལ་ནང་གི་བོད་རྒྱ་སྐད་ཀྱི་སློབ་གཉེར་བ་རྣམས་ལ་འགྲོ་གྲོན་ཆ་ཚང་བཏང་ནས་སློབ་ལ་གཞོལ་དུ་འཇུག་བཞིན་ཡོད། དབྱར་སྦྱོང་འཛིན་གྲྭ་དང་ཚད་མཐོ་བའི་རིག་གཞུང་ཚོགས་འདུ་གཉིས་ཟུང་དུ་སྦྲེལ་ནས་སློབ་གཉེར་བ་ཚོར་རིག་གཞུང་གི་གནས་ཚུལ་གསར་ཤོས་ལ་རྒྱུས་མངའ་བྱེད་བདེ་བར་བཏང་བ་འདི་ནི་དབྱར་སྦྱོར་འཛིན་གྲྭ་འདིའི་ཐུན་མིན་གྱི་ཁྱད་ཆོས་གཙོ་བོ་ཞིག་ཏུ་གྱུར། ཐེངས་འདིའི་དབྱར་སྤྱོང་འཛིན་གྲྭས་བརྡ་སྤྲོད་ཀྱི་བརྟག་དཔྱད་གཙོར་བཟུང་ཞིང་། སྐད་བརྡ་རིག་པའི་མཉེན་ཆས་ཀྱི་ཉེར་སྤྱོད་དང་ལོ་རྒྱུས་སྐད་བརྡ་རིག་པ། སྤྱི་ཚོགས་སྐད་བརྡ་རིག་པ། དམངས་སྲོལ་རིག་པ་སོགས་ཀྱི་བརྗོད་གཞིས་ཟུར་བརྒྱན་ཡོད། མ་ཟད་དགོང་མོའི་དུས་སུ་རིག་གཞུང་འཆད་ཁྲིད་གཉིས་དང་སློབ་མའི་བགྲོ་གླེང་གཉིས་ཀྱང་བཀོད་སྒྲིག་བྱས་འདུག

    ༢༠༢༠ལོའི་ཟླ༨པའི་ཚེས༢༢ནས༢༣བར། བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་སྐབས་བཞི་པ་དྲ་ཐོག་ནས་ཚོགས་ཤིང་། ནན་ཁའེ་སློབ་ཆེན་རྩོམ་རིག་སློབ་གླིང་གི་གླིང་གཙོ་སློབ་དཔོན་ཆེན་མོ་ཧྲིན་ལིས་ཡན(沈立岩)ལགས་དང་། ནན་ཁའེ་སློབ་ཆེན་སྐད་བརྡ་ཞིག་འཇུག་ཁང་གི་འགོ་བ་སློབ་དཔོན་ཆེན་མོ་ཧྲི་ཧྥུན(石锋) ལགས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་བདེ་མཆོག་ལགས། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་སློབ་དཔོན་ཆེན་མོ་ཅང་ཏིས(江荻)ལགས་བཅས་ནས་རེ་རེ་བཞིན་དབུ་འབྱེད་ཀྱི་ཤིས་ཚིག་གནང་ཞིང་། ཚེས་༢༣ཉིན་གྱི་མཇུག་སྒྲིལ་བའི་མཛད་སྒོའི་སྟེང་དུ། ནན་ཁའེ་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཧྲི་ཤིང་ཏོང(施向东)ལགས་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་སློབ་དཔོན་ཆེན་མོ་སྐལ་བཟང་ཡེ་ཤེས་ལགས་རྣམ་གཉིས་ཀྱིས་མཇུག་བསྡུའི་ཤིས་སྨོན་གསུང་ཚིག་གནངས་ལ། ནན་ཁའེ་སློབ་ཆེན་བོད་རྒྱ་སྐད་རིགས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་སློབ་དཔོན་ཆེན་མོ་ཡེ་ཤེས་འོད་གསལ་ཨ་ཚོགས་ལགས་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཚེ་དབང་རྡོ་རྗེ་རྣམ་གཉིས་ཀྱིས་དབུ་འབྱེད་མཛད་སྒོ་དང་མཇུག་སྒྲིལ་བའི་མཛད་སྒོ་གཙོ་སྐྱོང་གནང་། མ་ཟད་བོད་ཀྱི་བརྡ་སྤྲོད་སྨྲ་བའི་ཁྱུ་མཆོག མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་བདེ་མཆོག་ལགས་ཀྱིས་ཆེད་དུ་ཐེངས་འདིའི་ཚོགས་འདུར་ཤིས་ཚིག་གནང་ཞིང་། སྐད་བརྡ་རིག་པའི་ཁྱུ་མཆོག ཧྲང་ཧེ་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ། ཧྥུ་ཏན་སློབ་ཆེན་གྱི་གདན་ཞུས་སློབ་དཔོན་ཆེན་མོ་ཕན་ཝུའུ་ཡུན(潘悟云)ལགས་ཀྱིས་ཆེད་དུ་དགོང་མོའི་འཆད་ཁྲིད་གནངས། ཆེད་མཁས་ཚོགས་ཞུགས་པ་ཉི་ཤུ་ལྷག་གིས་ཀྱང་ཚོགས་སྟེང་ནས་ངོ་མཚར་པའི་གཏམ་བཤད་དང་རིག་པའི་བགྲོ་གླེང་གལ་ཆེན་གནང་།

    ༢༠༡༦ལོའི་ཟླ༦པར། འཛམ་གླིང་ནན་ཁའེ་ཞེས་པའི་ཁོངས་གཏོགས་ཀྱི་ལས་གཞི་གལ་ཆེན་དུ་བཟུང་ནས། ནན་ཁའེ་སློབ་ཆེན་དང་ཨ་རིའི་སྨི་སོ་ནྰེ་སློབ་ཚོགས་ཀྱི་དམངས་སྲོལ་དང་ཤུལ་བཞག་རིག་གནས་ལྟེ་གནས་གཉིས་ཀྱིས་སློབ་གསོ་དང་རིག་གཞུང་མཉམ་འབྲེལ་གྱི་དྲན་ཐོ་ཞེས་པར་མཚན་ཐོ་བཀོད་པར་མ་ཟད། ལོ་འདིར་ཕྱོགས་གཉིས་ཀས་མཉམ་འབྲེལ་གྱིས་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་དང་བོད་རྒྱ་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་སྐབས་དང་པོ་བདེ་བླག་ངང་བསྡུས། འདི་ནི་རྒྱལ་ནང་ནས་རྒྱལ་ཡོངས་རང་བཞིན་གྱི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་དང་བོད་རྒྱ་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་བསྡུས་པ་ཐེངས་དང་པོ་ཡིན་པས་ལས་རིགས་གཅིག་པའི་སྡེ་རུ་དགའ་བསུ་གྲངས་མེད་ཐོབ། ༢༠༢༠ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ། ཚན་རིག་དང་རིག་གནས་རྩ་འཛུགས་ལས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་ལྟེ་གནས་ཀྱི་《མངོན་མིན་རིག་གནས་ཤུལ་བཞག་གི་གསར་འགྱུར》(ICH Courier)ཞེས་པའི་འདོན་ཐེངས༤༢སུ་ཆེད་བསྔགས་ནན་ཁའེ་སློབ་ཆེན་གྱི་བོད་རྒྱ་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་ཞེས་པ་བརྗོད་གཞིར་བདམས་ནས་ངོ་སྤྲོད་གནང་། ནན་ཁའེ་སློབ་ཆེན་ནི་རྒྱལ་ནང་གི་ཕྱོགས་བསྡུས་མཐོ་སློབ་རྣམས་ཀྱི་ཁྲོད་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཆར་ཞིབ་འཇུག་གི་སྟོབས་ཤུགས་ཆེས་ཆེ་བའི་མཐོ་སློབ་དེ་ཡིན་ཞིང་། ནན་ཁའེ་ཡི་བོད་རྒྱ་སྐད་ཀྱི་ཞིབ་འཇུག་གིས་རྒྱལ་ཕྱི་ནང་ཀུན་ཏུ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། རྒྱལ་ནང་གི་ཕ་སྐད་གང་ཉིད་བོད་རྒྱ་སྐད་ཁོངས་སུ་གཏོགས་པའི་གཡི་རིགས་དང་ཏའེ་རིགས། བོད་རིགས། ཅིན་ཕོ་མི་རིགས། ལ་ཁའུ་མི་རིགས། ཡའོ་རིགས། ལིས་རིགས་སོགས་ཀྱི་སྐད་བརྡ་རིག་པའི་འབུམ་རམས་པ་ཆེས་ཐོག་མ་རྣམས་ནན་ཁའེ་སློབ་ཆེན་གྱིས་གསོ་སྐྱོང་གནང་བ་ཤ་སྟག་ཡིན་ནོ། །

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393395271