བོད་ལྗོངས།
བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནས་ངོ་མཚར་ཆེ་བའི་བོད་ཀྱི་རིག་གནས་ཉམས་ལེན་བྱེད་པ།

    མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཆུང་བདག་སྒྲོལ་དཀར། ཞན་ཀན།

    བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་རྟེན་རྫས་བཤམས་མཛོད་ཁང་གཅིག་པུ་དེ་ཡིན་པ་དང་། རིག་དངོས་ཉར་ཚགས་དང་། ཞིབ་འཇུག འགྲེམས་སྟོན། བེད་སྤྱོད་བཅས་གཞི་གཅིག་ཏུ་བསྡུས་ཡོད། རྟེན་རྫས་བཤམས་མཛོད་ཁང་དེ་1999ལོར་བསྐྲུན་ཟིན་ནས་སྒོ་ཕྱེ་བ་དང་། མིག་སྔར་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་སྒྱུར་བཀོད་རྒྱས་སྐྲུན་བྱེད་བཞིན་ཡོད་ཅིང་། བསྐྲུན་ཟིན་རྗེས་རྟེན་རྫས་བཤམས་མཛོད་ཁང་གི་རྒྱ་ཁྱོན་ལྡབ་5ཆེ་རུ་འགྲོ་རྒྱུ་རེད།

    རྫ་ཁོག་གཟུགས་གཉིས་མ།

    རྫ་ཁོག་གཟུགས་གཉིས་མ་ནི་བོད་ཀྱི་རྡོ་ཆས་གསར་མའི་དུས་རབས་ཀྱི་རྫ་ཁོག་གི་ཕུལ་དུ་བྱུང་བའི་བརྩམས་ཆོས་ཤིག་རེད།

    དེའི་ཁ་ཞེང་11.3cmདང་། མཐིལ་ཞེང་8.4cm མཐོ་ཚད་19cmབཅས་ཟིན་ཞིང་། རྫ་ཁོག་གཟུགས་གཉིས་མ་དེ་བོད་རང་སྐྱོང་ལྗོངས་ཆབ་མདོའི་ཁ་རུབ་རྗེས་ཤུལ་ནས་ཐོན་པ་དང་ད་བར་ལོ་ངོ་4000ལྷག་ཙམ་གྱི་ལོ་རྒྱུས་ཡོད། རྫ་ཁོག་གཟུགས་གཉིས་མ་ནི་བཟོ་དབྱིབས་གཅིག་འདྲ་བའི་རྫ་ཁོག་གཉིས་སྦྱར་ནས་བཟོས་པའི་རྫ་ཆས་ཤིག་ཡིན་ཞིང་། རྫ་ཁོག་གི་མགུལ་མཚམས་ཀྱི་སྐུད་པ་རྒྱུ་སའི་ཨི་ཁུང་དེ་གཉིས་སྲོག་ཆགས་ཀྱི་རྣ་ལྕོག་དང་རྔ་མ་འདྲ་ཞིང་། དེས་རྫ་ཁོག་གཟུགས་གཉིས་མ་དེ་ཁ་གཏད་དུ་ལངས་པའི་རི་དྭགས་གཉིས་ཀྱི་གཟུགས་སུ་བརྐོས་ཡོད། རྫ་ཁོག་གཟུགས་གཉིས་མ་ཧྲིལ་པོར་འཇམ་བརྡར་བརྒྱབ་པ་དང་རྫ་ཁོག་ངོས་སུ་མདོག་དམར་ནག་གཉིས་ཀྱིས་ཚོན་རིས་བྲིས་ཡོད་པས“དམར་ནག་ཚོན་རིས་ཀྱི་རྫ་ཁོག་གཟུགས་གཉིས་མ”ཡང་ཟེར་གྱི་ཡོད།

    རྫ་ཁོག་གཟུགས་གཉིས་མའི་བཟོ་དབྱིབས་དང་ཚོན་རིས་གང་ཡིན་རུང་། སྐབས་དེ་དུས་ཀྱི་ས་གནས་དེ་གའི་རྫ་བཟོའི་ཆུ་ཚད་མཐོ་ཤོས་མཚོན་པ་མ་ཟད། ད་དུང་ས་གནས་དེ་གའི་མེས་པོའི་ཁྱད་འཕགས་ཀྱི་གསར་གཏོད་ནུས་པའང་མངོན་ཡོད།

    《བོད་ལྗོངས་ཕལ་སྐད་གསར་འགྱུར》

    ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་བོད་སྡོད་ཨམ་བན་ལན་ཡུས་སོགས་ཀྱིས་བོད་ལ་སྲིད་གསར་པ་ལག་བསྟར་བྱས་ཤིང་། དམངས་ཀྱི་ཤེས་རིག་འཕེལ་བ་དང་དམངས་ཀྱིས་སྲིད་གསར་པ་རྟོགས་པ་བྱ་ཆེད། ལན་ཡུས་ཀྱིས་1907ལོར་ཕལ་སྐད་གསར་འགྱུར་ཁང་བཙུགས་པ་དང་བོད་ཀྱི་ཚགས་པར་དང་པོ་བཏོད་པ་རེད། ཚགས་པར་ཐོག་གཞུང་ཡིག་དང་ཞུ་ཡིག་དང་། རྩོམ་ཡིག་གནད་བསྡུས། སྐབས་དོན་ཆབ་སྲིད་ཀྱི་དཔྱད་རྩོམ། རྒྱལ་ཕྱི་རྒྱལ་ནང་གི་གསར་འགྱུར། བོད་ས་གནས་ཀྱི་གཞུང་དོན་སོགས་ཀྱི་ནང་དོན་བཀོད་པ་དང་། ཉིན་བཅུ་རེར་ཐེངས་རེ་འདོན་གྱི་ཡོད། ད་ལྟ་ཉར་ཚགས་བྱས་པའི《བོད་ལྗོངས་ཕལ་སྐད་གསར་འགྱུར》དེ“གོང་མ་ཤོན་ཐུང་ཁྲི་ལོ་གཉིས་པའི་ཟླ་བརྒྱད་པའི་ཟླ་སྨད་ཀྱི་འདོན་ཐེངས་ཉེར་གཅིག”གི་ཚགས་པར་ཡིན།

    “གྲོས་མཐུན་དོན་ཚན་བཅུ་བདུན་པའི”མ་ཡིག

    1951ལོའི་ཟླ་5ཚེས་23ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གིས་པེ་ཅིང་དུ《བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》(བསྡུས་མིང“གྲོས་མཐུན་དོན་ཚན་བཅུ་བདུན་པ”ཞེས་ཟེར)ལ་མིང་རྟགས་བཀོད་དེ་བོད་ལ་མི་རིགས་ས་ཁོངས་རང་སྐྱོང་བྱ་རྒྱུར་རྨང་གཞི་བཏིང་བ་མ་ཟད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་བཙན་རྒྱལ་རིང་ལུགས་ཀྱི་ཆིངས་ཐག་ལས་རྦད་དེ་བཀྲོལ་ཡོད།

    ཀྲུའུ་ཞི་མའོ་ཙེ་ཏུང་གིས་གནང་བའི་གཡང་ཊིའི་འཐེན་ཐག་དམ་བི།

    འཐེན་ཐག་དམ་བི་ནི་རང་རྒྱལ་གྱི་སྲོལ་རྒྱུན་སྒྲིག་གཤོམ་དངོས་རྫས་ཤིག་ཡིན། དེ་སུང་བྱང་མའི་རྒྱལ་རབས་ནས་བྱུང་བ་དང་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ནས་དར་བ་ཞིག་རེད། འཐེན་ཐག་དམ་བི་དེ་གཡང་ཊི་ལས་བཟོས་པ་ཞིག་ཡིན་པས་སྔོ་ཞིང་གཡའ་དག་པ་ཞིག་ཡོད་ལ་བཟོ་དབྱིབས་གནའ་ཉམས་ལྡན་པ་དང་། བརྐོས་དཀྲོལ་ལག་རྩལ་བྱང་ཆུབ་པ་ཞིག་ཡོད། དེ་ཡང་ཀྲུའུ་ཞི་མའོ་ཙེ་ཏུང་གིས་བོད་ས་གནས་ཀྱི་སེར་སྐྱའི་མཐོ་རིམ་མི་སྣར་སྤྲད་པའི་ཕྱག་རྟགས་རེད།

    1956ལོའི་ཟླ་4པར་སྐབས་དེ་དུས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཁྲེན་དབྱིས་ཀྱིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་བརྙེས་པར་རྟེན་འབྲེལ་ཞུ་བར་ཕེབས། ཟླ་4ཚེས་22ཉིན་ལྷ་སར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་བརྙེས་པའི་ཚོགས་ཆེན་འཚོགས་ནས་དངོས་སུ་བཙུགས་པ་རེད། ཙུང་ལི་གཞོན་པ་ཁྲེན་དབྱིས་ཀྱིས་ཚོགས་ཆེན་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་དང་ཀྲུའུ་ཞི་མའོ་ཙེ་ཏུང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་། གྲ་སྒྲིག་ཨུ་ཡོན་ལྷན་ཁང་ལ་ཐམ་ག་སྤྲད་པ་དང་སྦྲགས། གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཉིན་དེར་ནོར་བུ་གླིང་ཁར་གཉེར་བའི་རྟེན་འབྲེལ་གསོལ་སྟོན་ཐོག ཙུང་ལི་གཞོན་པ་ཁྲེན་དབྱིས་ཀྱིས་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིའི་ཚབ་ཞུས་ཏེ་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ནང་ལས་འགན་འཁུར་མཁན་དེ་སྔའི་བོད་ས་གནས་སྲིད་གཞུང་གི་སེར་སྐྱའི་མཐོ་རིམ་མི་སྣར་ཕྱག་རྟགས་སྤྲད་པ་རེད། གཡང་ཊིའི་འཐེན་ཐག་དམ་བི་འདི་ཕྱག་རྟགས་དེ་ཚོའི་ཁྲོད་དུ་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394030561