བོད་ལྗོངས།
དུས་རབས་གསར་པར་དཔེ་སྐྲུན་ལས་རིགས་ཀྱི་རྩོམ་སྒྲིག་པ་ཕུལ་བྱུང་གསོ་སྐྱོང་བྱེད་ཐབས་སྐོར་ཅུང་ཟད་གླེང་བ།

    རིག་གནས་འཛུགས་སྐྲུན་གྱིས་དུས་རབས་གསར་པའི་དཔེ་སྐྲུན་རྩོམ་སྒྲིག་ལས་དོན་ལ་ལས་འགན་དང་བླང་བྱ་གསར་པ་བཏོན་ཡོད། མཉམ་འབྲེལ་དྲ་བའི་འཕེལ་རྒྱས་དང་བསྟུན་ནས་རྩོམ་སྒྲིག་ལས་རིགས་ཀྱི་ལས་ཀའི་ཁྱབ་ཁོངས་ཀྱང་དཔེ་དེབ་དང་། ཚགས་པར། དུས་དེབ་བཅས་རྩོམ་སྒྲིག་འགྲེམས་སྤེལ་ཙམ་མ་ཡིན་པར་ཁྱབ་ཁོངས་མང་པོ་ཞིག་དང་འབྲེལ་ཡོད་ཅིང་། བླང་བྱ་དེ་དག་ལ་བསྟུན་པ་དང་འགྱུར་བ་དེ་དག་ལ་ཁ་གཏད་གཅོག་དགོས་ཚེ། དུས་རབས་གསར་པར་འཚམས་པའི་ལས་རིགས་འཕེལ་རྒྱས་ཀྱི་དཔེ་རྣམ་ཤིག་འཚོལ་ཞིབ་བྱས་ཏེ། དཔེ་སྐྲུན་ལས་རིགས་ཀྱི་རྩོམ་སྒྲིག་པའི་བྱང་ཚད་གོང་མཐོར་གཏོང་བར་སྐུལ་འདེད་དང་། དཔེ་སྐྲུན་བྱ་གཞག་དང་དཔེ་སྐྲུན་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཤུགས་སུ་གྱུར་གཤིས། འདིར་ཁོ་བོའི་ལས་ཀའི་མྱོང་བ་དང་སྦྲགས་ནས་ལྟ་ཚུལ་ཅུང་ཟད་གླེང་བར་བྱའོ།

    དང་པོ། དཔེ་སྐྲུན་རྩོམ་སྒྲིག་ལས་རིཌ་ཀྱི་འཕེལ་རྒྱས་ཀྱི་མདུན་ལྗོངས།

    དྲ་བ་དང་སྨྱན་སྦྱོར་གསར་པའི་འཕེལ་རྒྱས་དང་དེ་བཞིན་དཔེ་སྐྲུན་སྒྲིག་གཞིའི་སྒྱུར་བཅོས་དེ་གོམ་གང་མདུན་སྤོས་ཀྱིས་གཏིང་ཟབ་ཏུ་སོང་བ་དང་བསྟུན་ནས། སྲོལ་རྒྱུན་དཔེ་སྐྲུན་དང་གསར་དར་དཔེ་སྐྲུན་དབར་ལ་མཉམ་འདྲེས་ཀྱི་འཕེལ་ཕྱོགས་ཤིག་རིམ་བཞིན་ཆགས་བཞིན་ཡོད་ཅིང་། ཤེས་བྱ་སློབ་སྦྱོང་གི་དགོས་མཁོ་དང་། ལས་རིགས་ཆ་འཕྲིན་ཡོངས་བསྒྲགས་ཀྱི་དགོས་མཁོ། རྩོམ་སྒྲིག་ལས་ཀའི་བརྒྱུད་རིམ་གྱི་དགོས་མཁོ་སོགས་སྐོང་དགོས་ཀྱི་ཡོད། མཉམ་འབྲེལ་དྲ་བའི་དུས་རབས་སུ་སྲོལ་རྒྱུན་དཔེ་སྐྲུན་བརྒྱུད་རིམ་གྱི་འཕོ་འགྱུར་དང་། མཉམ་འབྲེལ་དྲ་བའི་རྩོམ་སྒྲིག་ལས་སྟེཌ་བསྐྲུན་རྒྱུ། རྟོག་བཟོས་ཐོན་ལས་བསྐྱར་སྒྲིག་བཅས་བྱ་རྒྱུ་ནི་ངེས་པར་དུ་སྒྲུབ་དགོས་པ་ཞིག་ཏུ་གྱུར་ཡོད་ལ། དེས་དཔེ་སྐྲུན་རྩོམ་སྒྲིག་ལས་རིགས་ཀྱི་འཕེལ་རྒྱས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད།

    《སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》གྱིས་འབྲེལ་ཡོད་ཚད་གཞི་བཟོ་བ་དང་འཐུས་ཚང་དུ་གཏོང་རྒྱུ་དང་། བཟོ་སྐྲུན་དང་དཔེ་སྐྲུན་ཁག་དབྱེའི་འཚོལ་ཞིབ། སྤྱི་ཚོཌ་དཔྱད་གླེང་ལ་ཤུཌ་སྣོན་དང་ལས་རིགས་ཀྱི་རང་གཅུན་ནུས་པ་འཐུས་ཚང་དུ་གཏོང་བ། སྲིད་ཇུས་ལས་སྒོའི་གསོ་སྦྱོང་དང་ཤེས་ལྡན་མི་སྣའི་གསོ་སྦྱོང་ལ་ཤུཌ་སྣོན་རྒྱག་པ་ལ་སོགས་པའི་ཐད་རྒྱལ་ཁབ་ལ་དབང་བའི་དཔེ་སྐྲུན་ཚན་པར་རེ་བ་སྔར་བས་མཐོ་བ་བཏོན་ཡོད་ཅིང་། སྲིད་ཇུས་ཀྱི་ཐད་ནས་དཔེ་སྐྲུན་ཚན་པར་མཛུབ་སྟོན་སྐུལ་ཁྲིད་རབ་དང་རིམ་པ་བྱས་ཡོད།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ལམ་བུ་མཐའ་འཁྱོངས་བྱེད་དགོས་པ་དང་། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་གསོན་ཤུགས་སྐུལ་སློང་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་རྒྱལ་ཁབ་སྐྲུན་དགོས་ཞེས་བཏོན་གནང་ཡོད། རིག་གནས་ཀྱི་གདེང་ཚོད་སྲ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་ཞིང་རྒྱས་པར་སྐུལ་འདེད་གཏོང་རྒྱུ་ནི་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་རིག་གནས་འཚོ་བའི་རེ་ལྟོས་གསར་པ་སྐོང་བར་བྱེད་པའི་བླང་བྱ་ཡིན་ལ། དཔེ་སྐྲུན་མི་སྣས་ངེས་པར་དུ་འཁུར་དགོས་པའི་འགན་འཁྲི་ཞིག་ཀྱང་ཡིན་པར་གཞིགས་ཏེ། རྒྱུན་ཆད་མེད་པར་གསར་གཏོད་དང་རྩོམ་སྒྲིག་ལས་རིགས་ཀྱི་འཕེལ་རྒྱས་དཔེ་རྣམ་འཐུས་ཚང་དུ་བཏང་ཚེ། གཞི་ནས་དཔེ་སྐྲུན་རྩོམ་སྒྲིག་པས་རིག་གནས་རྒྱུན་འཛིན་གྱི་འགན་འཁྲི་ལྕི་མོ་དེ་ཕྲག་ཐོག་ཏུ་ལེགས་པོ་འཁུར་ཐུབ།

    1983ལོར་ཝུའུ་ཧན་སློབ་ཆེན་དུ་དཔེ་དེབ་འགྲེམས་སྤེལ་གྱི་ཆེད་ལས་བཙུགས་པ་ནས་བཟུང་། རང་རྒྱལ་དུ་དཔེ་སྐྲུན་རྩོམ་སྒྲིག་ཆེད་ལས་ཀྱི་མཐོ་རིམ་སློབ་གསོ་འདི་ཉིད་ལོ་ངོ་30ལྷག་ཙམ་བརྒྱུད་ཟིན་པ་དང་། ད་ཆ་ཐོག་མའི་ཆ་ནས་གཞི་ཁྱོན་དང་ལྡན་པར་གྱུར་ཡོད། 2016ལོར་རང་རྒྱལ་དུ་དཔེ་སྐྲུན་རྩོམ་སྒྲིག་ཆེད་ལས་ཀྱི་དངོས་གཞིའི་ཚན་ཁག་ཡོད་པའི་སློབ་གྲྭ་84དང་། ཤེས་རམས་པའི་སློབ་གནས་ཡོད་པ་21དང་། འབུམ་རམས་པའི་སློབ་གནས་ཡོད་པ་6བཅས་ཡོད་པ་རེད། ཞིབ་འཇུག་བྱས་པའི་བསྡོམས་རྩིས་ལས་མངོན་པ་ལྟར་ན། 2019ལོའི་ཟླ་12བར། དངོས་གཞིའི་ཚན་ཁག་ཏུ་དཔེ་སྐྲུན་རྩོམ་སྒྲིག་རིག་པ་དང་གྲངས་གཞིའི་དཔེ་སྐྲུན་སོགས་འབྲེལ་ཡོད་ཆེད་ལས་བཙུགས་པའི་མཐོ་སློབ་95ཡོད་པ་མ་ཟད། སློབ་ཁྲིད་མ་ལག་དང་། ལག་ལེན་མ་ལག ལས་ཞུགས་མ་ལག་བཅས་ཆ་ཚང་ལྡན་པར་གྱུར་ཡོད། ཆ་ལག་ཚང་མའི་རྩོམ་སྒྲིག་དཔེ་སྐྲུན་རིག་པའི་སློབ་གསོའི་མ་ལག་གིས་དཔེ་སྐྲུན་རྩོམ་སྒྲིག་ལས་རིགས་ཀྱི་ཤེས་ལྡན་མི་སྣའི་རྒྱུན་མཐུད་སློབ་སྦྱོང་ལ་ཆ་རྐྱེན་ལེགས་པོ་ཞིག་མཁོ་འདོན་བྱས་ཡོད་པས། གོང་སྨོས་དེ་དག་ནི་ཆེད་ལས་སློབ་གསོས་དཔེ་སྐྲུན་ལས་རིགས་ཀྱི་འཕེལ་རྒྱས་དེ་དུས་རབས་ཀྱི་བླང་བྱ་དང་མཐུན་པ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་བཏོད་པ་ཞིག་ཏུ་གྱུར་ཡོད།

    གཉིས་པ། དཔེ་སྐྲུན་རྩོམ་སྒྲིག་ལས་རིགས་ཀྱི་ངོ་བོ་དང་ཁྱད་ཆོས།

    དཔེ་སྐྲུན་རྩོམ་སྒྲིག་བྱ་འགུལ་གྱི་ཁྱབ་ཁོངས་ལ་ཆ་འཕྲིན་དང་ཤེས་བྱའི་ཇུས་འགོད་དང་། ནང་དོན་གྱི་རྩོམ་སྒྲིག་ལྟ་ཞིབ། པར་གཞི་སྒྲིག་བཟོ་འཆར་འགོད། དཔེ་སྐྲུན་དངོས་པོའི་པར་འདེབས། ཐོན་རྫས་བྲིན་ཚོང་འགྲེམས་སྤེལ་སོགས་ཚུད་ཡོད་ཅིང་། དཔེ་སྐྲུན་རྩོམ་སྒྲིག་ལས་རིགས་ཀྱི་ངོ་བོ་ནི་ཤེས་བྱའི་ཁྱབ་ཁོངས་ཆེ་བའི་ཆ་འཕྲིན་རྣམས་ལས་སྣོན་དང་། ལེགས་སྒྲིག ཉར་གསོག་བཅས་བྱས་རྗེས། ཐོན་རྫས་ཐོན་སྐྱེད་ཀྱི་རྣམ་པའི་ཐོག་ནས་དངོས་པོའི་འདྲེན་དངོས་ངེས་ཅན་ཞིག་གི་ཐོག་འདྲ་བཟོ་བྱེད་པ་མ་ཟད། དེ་ཉིད་རྒྱ་ཁྱབ་ཏུ་ཁྱབ་གདལ་གཏོང་བའི་བྱ་བ་ཞིག་ཡིན།

    རྩོམ་སྒྲིག་པས་བརྗོད་དོན་ཇུས་འགོད་བྱ་རྒྱུ་ནི་རྙོག་འཛིང་ཆེ་བ་དང་དཀའ་ཚེགས་ངེས་ཅན་ཞིག་བརྒྱུད་དགོས་སྟབས། དཔེ་སྐྲུན་གྱི་ནང་དོན་ལེགས་པོ་ཞིག་ཡོང་ཆེད་རྩོམ་སྒྲིག་པས་ངེས་པར་དུ་རིག་ཚན་གྱི་མདུན་ཕྱོགས་སུ་ལངས་ཏེ་ལས་རིགས་ག་གེ་མོའི་འཕེལ་ཕྱོགས་དང་ནང་དོན་གལ་ཆེན་ལ་ཤེས་རྟོགས་བྱས་ཏེ། དེའི་ཐོག་ནས་ཇུས་འགོད་ཀྱི་ཁ་ཕྱོགས་ཤེས་རྟོགས་ཐུབ་པ་བྱེད་དགོས། དཔེར་ན་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་ཉེ་ཆར་དཔེ་སྐྲུན་བྱས་པའི་《རིག་པའི་སྒྲོན་མེ》ཞེས་པའི་དཔེ་དེབ་ལྟ་བུ་ཡིན་ཞིང་། དཔེ་དེབ་འདི་ཉིད་ནི་ཐོག་མར་འབྲོང་བུ་ཚེ་རིང་རྡོ་རྗེས་བོད་ཀྱི་རིག་གནས་གནད་དོན་འགའ་ཞིག་ཐད་ལ་ མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ལ་བཀའ་སློབ་ཞུས་པའི་སྒྲ་ཕབ་ལེགས་སྒྲིག་བྱས་པ་ཞིག་ཡིན་ཞིང་། དེའི་ཐད་ཐོག་མར་རྩོམ་སྒྲིག་པས་ནང་དོན་འདི་ཉིད་ནི་བོད་ཀྱི་རིག་གནས་ལ་དོ་ཁུར་ཡོད་མཁན་ཚོའི་དང་བ་འདྲེན་ཐུབ་པའི་བརྩམས་ཆོས་ཤིག་ཏུ་མཐོང་ནས་ཇུས་འགོད་བྱས་པས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་མི་དམན་པ་ཐོབ་པ་ལྟ་བུའོ། རྩོམ་སྒྲིག་པའི་དཔེ་སྐྲུན་གྱི་བརྒྱུད་རིམ་ནི་དཀའ་ཚེགས་ཅན་ཞིག་ཡིན་ཏེ། ཐོག་མར་བརྗོད་བྱ་གཏན་འཁེལ་བའི་རྗེས་རྩོམ་སྒྲིག་པས་རྒྱ་ཁྱབ་ཏུ་བརྟག་ཞིབ་བྱེད་དགོས་ཀྱི་ཡོད་པ་དང་། རྩོམ་པ་པོ་མི་འདྲ་བས་མཁོ་འདོན་བྱས་པའི་ནང་དོན་གཞིར་བཟུང་ཡང་སྐོར་བསྐྱར་སྐོར་གྱིས་བརྟག་ཞིབ་དང་། བཟོ་བཅོས། ལེགས་སྒྲིག ཇུས་འགོད། རྩོམ་སྒྲིག པར་འདེབས་བཅས་བྱས་རྗེས་མཐར་རིན་ཐང་ཡོད་པའི་ནང་དོན་དག་དཔེ་སྐྲུན་འགྲེམས་སྤེལ་བྱེད་ཀྱི་ཡོད། དེ་ཡང་དཔེར་ན་ཉེ་ལམ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་《གསར་བརྗེའི་གསུང་རབ་ཀྱི་མུ་འབྲེལ་རི་མོའི་ཀློག་དེབ》ལྟ་བུ་ནི་བརྗོད་བྱ་གཏན་འཁེལ་བྱས་རྗེས་ཡིག་སྒྱུར་བའི་ཆུ་ཚད་དང་། རྩོམ་སྒྲིག་པའི་བྱང་ཚད། པར་འདེབས་ཀྱི་ལག་རྩལ་སོགས་ཕྱོགས་གང་ས་ཅི་ཐད་ནས་བསམ་གཞིག་བྱས་ཏེ་བཀོད་སྒྲིག་ཚད་དང་ལྡན་པ་བྱས་རྗེས་ད་གཟོད་བརྗོད་བྱའི་ནང་དོན་དང་འཆར་འགོད། པར་འདེབས་ལ་སོགས་པའི་ཆ་གང་ཐད་ནས་ཀྱང་བློ་ཡིད་ཚིམས་པའི་དཔེ་དེབ་ཅིག་དཔེ་སྐྲུན་བྱས་པ་ལྟ་བུའོ།

    གསུམ་པ། རྩོམ་སྒྲིག་དཔེ་སྐྲུན་ཤེས་ལྡན་པའི་འཕེལ་རྒྱས་ལ་འཕྲད་པའི་གནད་དོན།

    སྲོལ་རྒྱུན་དཔེ་སྐྲུན་དང་གསར་དར་དཔེ་སྐྲུན་རིམ་བཞིན་མཉམ་འདྲེས་ཡོང་བའི་དུས་རིམ་འདིར་རང་རྒྱལ་གྱི་དཔེ་སྐྲུན་ལས་རིགས་དེ་ཉིད་ཕྱོགས་སྒྱུར་རིམ་སྤོར་འཕེལ་རྒྱས་ཁྲོད་དུ་གནས་ཡོད། ཕྱོགས་སྒྱུར་རིམ་སྤོར་འཕེལ་རྒྱས་དུས་རིམ་གྱི་ཁྲོམ་རའི་འགྱུར་བ་དང་ཐོན་ལས་འགྱུར་བས་རྩོམ་སྒྲིག་དཔེ་སྐྲུན་ལས་དོན་པས་ཕྱོགས་མང་པོའི་འཇོན་ཐང་ཁོང་དུ་ཆུད་ཐུབ་པ་དགོས་པའི་བླང་བྱ་བཏོན་ཡོད་དེ། ཕྱོགས་གཅིག་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ཁྲོམ་རའི་དགོས་མཁོ་ཤེས་རྟོགས་ཐུབ་པ་དགོས་ཀྱི་ཡོད། བརྗོད་བྱའི་ཇུས་འགོད་མཁས་པོ་དགོས་པ་མ་ཟད་རྩོམ་སྒྲིག་གི་གཞི་རྩའི་འཇོན་ཐང་ལེགས་པོ་དགོས། དེའང་མིག་སྔར་དཔེ་སྐྲུན་ཁང་མང་པོ་ཞིག་གི་ནང་ལས་ཀར་ཞུགས་མ་ཐག་པའི་ན་གཞོན་རྩོམ་སྒྲིག་པ་གསོ་སྐྱོང་བྱ་རྒྱུ་མི་འདང་བ་དང་། ཉམས་མྱོང་ཡོད་པའི་རྩོམ་སྒྲིག་པ་རྒན་གྲས་དང་ཉམས་མྱོང་མི་འདང་བའི་ན་གཞོན་རྩོམ་སྒྲིག་པ་རྒྱུན་མཐུད་ལེགས་པོ་མ་བྱུང་བའི་སྣང་ཚུལ་ཐོན་བཞིན་པ་དཔེར་ན། རྩོམ་སྒྲིག་པ་གཞོན་པས་རྩོམ་སྒྲིག་པ་རྒན་གྲས་ལ་སློབ་སྦྱོང་བྱས་ཏེ་ཉམས་མྱོང་གསོག་རྒྱུ་མི་འདང་བ་དང་། རྩོམ་སྒྲིག་པ་རྒན་གཞོན་ཕན་ཚུན་དབར་ལེགས་ཆ་དང་ལེན་བྱེད་རྒྱུ་མི་འདང་བ། རྩོམ་སྒྲིག་པའི་འགན་ཁུར་གྱི་འདུ་ཤེས་དེ་ཙམ་མཐོ་པོ་མེད་པ། དཔེ་སྐྲུན་བྱ་རྒྱུའི་མ་རྩོམ་གྱི་རྩོམ་པ་པོའི་མིང་གྲགས་དང་བྱང་ཚད་མཐོ་དམན་ལ་གཞིགས་ནས་མ་རྩོམ་གྱི་རྩོམ་པ་པོ་གང་དེ་མིང་གྲགས་ཅན་ཞིག་ཡིན་ཚེ། དེས་བརྩམས་པའི་རྩོམ་ལ་བློས་རྦད་དེ་བཅོལ་ནས་རྩོམ་སྒྲིག་དང་ཞུ་དག་གཏོང་བའི་ལས་ཀར་དེ་ཙམ་མཐོང་ཆེན་མི་བྱེད་པ་བཅས་ཀྱི་སྣང་ཚུལ་ཐོན་གྱི་ཡོད་པས། མིག་སྔའི་བར་དཔེ་སྐྲུན་བྱས་པའི་དཔེ་དེབ་མང་པོར་མ་གཞི་ཚབས་ཆེ་བའི་གནས་ཚུལ་ལྷག་མེད་ཀྱང་། དཔེ་དེབ་འགའ་ཤས་ཀྱི་ནང་དུ་སྔར་བཞིན་དག་ནོར་དང་། སུམ་རྟགས་ཀྱི་གནད་དོན། བརྗོད་བྱ་ཁ་མི་གསལ་བ་དང་རྗོད་བྱེད་ཚིག་སྦྱོར་སྔ་ཕྱི་འབྲེལ་མི་ཆགས་པ་སོགས་ཀྱི་གནད་དོན་འགའ་རེ་ཐོན་བཞིན་ཡོད་ལ། དཔེ་དེབ་ཀྱི་ཁ་ཤོག་དང་རྒྱབ་ཤ་ཇུས་འགོད། ཁ་བྱང་གི་ཡིག་འབྲུའི་ཆེ་ཆུང་སོགས་འོས་འཚམ་མེད་པའི་སྣང་ཚུལ་ཐོན་གྱི་ཡོད་པས། ང་ཚོས་གཅིག་ནས་དཔེ་སྐྲུན་བྱ་རྒྱུའི་མ་རྩོམ་གྱི་རྩོམ་པ་པོར་འགན་འཁྲི་ནན་མོ་ཁུར་དུ་བཅུག་ནས་དཔེ་སྐྲུན་བྱ་རྒྱུའི་དཔེ་དེབ་གང་དེ་སྤུས་དག་ཅིག་ཡོང་རྒྱུར་འགན་ལེན་བྱེད་དགོས། དེ་ནི་ཆུ་དྭངས་མོ་ཡོང་དགོས་ན་ཆུ་འགོ་མ་རྙོག་པའི་དཔེ་ལྟར་ཡིན་པ་དང་། གལ་ཏེ་མ་རྩོམ་གྱི་སྤུས་ཚད་ལ་འགན་ལེན་བྱུང་ཚེ། དེའི་ཐོག་ཏུ་རྩོམ་སྒྲིག་པས་དོན་དངོས་ལ་གཞིགས་ནས་བཟོ་བཅོས་ཡང་ཡང་བརྒྱབ་ནས་ཡག་ཐོག་ཡག་བརྩེགས་ཡོང་བར་འབད་ན། དེ་ནི་གཡང་རྩེའི་སྟེང་ལ་ཡལ་སྒྲོན་བརྒྱབ་པའི་དཔེ་ལྟར་ཡོང་ངེས་ཡིན། དེ་མིན་རྩོམ་སྒྲིག་པ་རྒན་གཞོན་ཕན་ཚུན་དབར་ལ་གྲོས་བསྡུར་མང་ཙམ་བགྱིས་ཏེ། དཔེ་སྐྲུན་གྱི་སྤུས་ཚད་ཀྱི་འགག་སྒོ་ནན་སྲུང་བྱེད་དགོས་པ་ཡིན།

    མཉམ་འབྲེལ་དྲ་བའི་དུས་རབས་འདིར་ཡང་དཔེ་སྐྲུན་ལས་རིགས་ལ་སྔར་བཞིན་ཡོང་ཁུངས་དང་འགྲོ་ཁུངས་ལྟ་བུ་ཡོད་དེ། ཡོང་ཁུངས་ནི་ནང་དོན་ཡིན་ཞིང་། མ་རྩོམ་གྱི་ཡོངས་ཁུངས་དེའོ། འགྲོ་ཁུངས་ནི་པར་འདེབས་འགྲེམས་སྤེལ་ཡིན་པ་དང་། དེ་ནི་བཟོ་རྩལ་དང་ཁྲོམ་ར་དང་འབྲེལ་བ་ཡོད།

    ཡོང་ཁུངས་ཀྱི་ཆ་ནས་བཤད་ཚེ། མ་རྩོམ་རྣམས་རྩོམ་པ་པོས་བསྐྱལ་བའམ་ཡང་ན་རྩོམ་སྒྲིག་པས་མངགས་པ་ཞིག་ཡིན། རྩོམ་པ་པོའི་ངོས་ནས་བཤད་ཚེ། སྲོལ་རྒྱུན་གྱི་མ་རྩོམ་རེ་རེ་བཞིན་སྐྱེལ་བའི་རྣམ་པ་དེས་ཚད་གཞི་ངེས་ཅན་ཞིག་གི་ཐད་ནས་མ་རྩོམ་གྱི་རིན་ཐང་རྟོགས་ཐུབ་རྒྱུར་ཚད་བཀག་བཟོས་ཡོད། དེ་དང་དུས་མཚུངས་དམིགས་སའི་རང་བཞིན་ཡོད་པའི་ཞིབ་འཇུག་མ་བྱས་པའི་གནས་ཚུལ་འོག རྩོམ་པ་པོས་དཔེ་སྐྲུན་ཁང་སོ་སོའི་དགོས་མཁོ་ཤེས་རྟོགས་ཡང་དག་པ་ཞིག་མེད་སྟབས། མ་རྩོམ་དེ་དཔེ་སྐྲུན་གྱི་དགོས་མཁོ་དང་མི་འཚམ་པའི་སྣང་ཚུལ་ཐོན་བཞིན་ཡོད་ལ། དེའི་སྟེང་མ་རྩོམ་ཀྱི་སྤུས་ཚད་མི་གཅིག་པ་དང་། གྲངས་འབོར་མང་བའི་དབང་གིས་རྩོམ་སྒྲིག་པའི་རྩོམ་སྒྲིག་གི་ལས་དོན་ལྗིད་རྫོབ་ཆེ་བར་གྱུར་གྱི་ཡོད། གཞན་ཡང་རྩོམ་སྒྲིག་པ་གསར་པ་ཞིག་གི་ངོས་ནས་བཤད་ཚེ། རྩོམ་པ་པོར་རྒྱུས་མངའ་མེད་པའི་དབང་གིས་བརྗོད་བྱ་འཆར་འགོད་བྱེད་པའི་ཐོག་མའི་དུས་ནས་བཟུང་རྩོམ་སྒྲིག་བྱ་རྒྱུར་དཀའ་གནད་མང་པོ་ཞིག་ཐོན་གྱི་ཡོད་པ་དང་། ཡང་རྩོམ་སྒྲིག་པ་རྒན་གྲས་ཀྱི་ངོས་ནས་བཤད་ཚེ། ཕུལ་བྱུང་བརྩམས་ཆོས་ལ་དོ་སྣང་ཆེན་པོ་བྱེད་པ་ལས་སྤྱིར་བཏང་བརྩམས་ཆོས་ལ་དོ་སྣང་ཆེན་པོ་བྱེད་མི་ཐུབ་པའི་ལྷོད་གཡེང་ཤོར་བའི་སྣང་ཚུལ་ཡང་ཐོན་བཞིན་ཡོད།

    (བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་པུའི་པ་སངས་དབང་ཆེན)

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394443601