བོད་ལྗོངས།
བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་བྱ་གཞག་སྔར་བས་དར་ཞིང་རྒྱས་པ།

    བོད་ནི་ཀྲུང་ཧྭའི་མི་རིགས་རིག་གནས་ཀྱི་སྲུང་སྐྱོབ་ཁུལ་གལ་ཆེན་ཞིག་རེད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་མང་ཚོགས་ཀྱི་འཚོ་བ་དང་བོད་ཀྱི་དེང་རབས་ཅན་གྱི་གོང་འཕེལ་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་བཞིན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་ཏུ་གྲུབ་པའི་རིག་གནས་ཕུན་སུམ་ཚོགས་སུ་གཏོང་བཞིན་ཡོད།

    2020ལོའི་ཟླ་6པར། བོད་ཀྱི་ལྷ་འབྲི་བ་ཞིག་གིས་བྲིས་པའི་རིམས་ནད་བརྗོད་དོན་དུ་བྱས་པའི་ཐང་ག་དེ་བོད་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀུན་སེམས་གཅིག་ཏུ་བསྒྲིལ་ནས། རིམས་ནད་འགོག་བཅོས་བྱེད་ཅེས་པའི་བརྗོད་དོན་གཙོ་བོའི་རི་མོར་བདམས། ཐང་ག་དེ་ཉིད་འབྲི་མཁན་བསྟན་པ་ཡོན་ཏན་ལགས་ནི་བོད་ཀྱི་རིམ་པ་གཉིས་པའི་ཐང་གའི་སྒྱུ་རྩལ་བ་དང་ལྷ་ས་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྨན་ཐང་ལུགས་ཀྱི་ཐང་གའི་སྒྱུ་རྩལ་གྱི་གྲོང་ཁྱེར་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་རེད།

    1989ལོར། རང་ལོ་22ལ་སླེབས་པའི་བསྟན་པ་ཡོན་ཏན་ལགས་ཀྱིས་དགོན་སྡེའི་ལྡེབས་རིས་འབྲི་འགོ་བརྩམས་པ་དང་། གྲོང་ཚོར་ལོག་རྗེས་ཐང་ག་འབྲི་འདོད་པའི་དགེ་ཕྲུག་མང་པོ་ཉར་ཏེ་ཁོང་ཚོར་རི་མོ་འབྲི་སྟངས་བསླབས། སྦྱངས་པ་མཐར་དུ་ཕྱིན་པའི་དགེ་ཕྲུག་མང་པོ་ཞིག་གིས་རང་ཉིད་ཀྱི་རི་མོ་ཁང་བཙུགས་པ་དང་། ཁག་གཅིག་གིས་དགོན་སྡེར་ལྡེབས་རིས་འབྲི་མཁན་གཙོ་བོར་གྱུར་པ་དང་། ཁག་གཅིག་གིས་རང་ཉིད་ཀྱི་དགེ་ཕྲུག་ཁྲིད་འགོ་ཚུགས་ཡོད།

    བསྟན་པ་ཡོན་ཏན་ལགས་ཀྱིས་རྒྱུན་དུ་རི་མོ་ཁང་དུ་དགེ་ཕྲུག་ཚོར་སློབ་ཁྲིད་བྱས་ནས་ཁོང་ཚོས་ཐང་གའི་སྒྱུ་རྩལ་གྱི་ཤེས་བྱ་གང་མང་ཁོང་དུ་ཆུད་པ་བྱེད་ཀྱི་ཡོད་ལ། ལོ་ལྟར་གསོ་སྦྱོང་འཛིན་གྲྭ་གཉེར་ནས་མི་སྔར་ལས་མང་བས་ཐང་གའི་སྒྱུ་རྩལ་ལ་རྒྱུས་མངའ་ཡོང་ཐབས་བྱེད་ཀྱི་ཡོད།

    2019ལོའི་ལོ་མཇུག་ཏུ་འགྲོ་ཕན་གླིང་ལ་ཞུགས་པའི་བདེ་གཡང་གིས་ལས་རོགས་ཚོ་དང་མཉམ་དུ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་ཞིབ་འཇུག་དང་། སྔོག་འདོན། དབྱེ་ཞིབ། གདམ་གསེས་སོགས་བྱས་ནས་དེའི་རིན་ཐང་ལྡན་པའི་ནང་དོན་ཐོ་འགོད་དང་སྲུང་སྐྱོབ་བྱ་རྒྱུའི་གྲ་སྒྲིག་དང་སྦྲགས། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་སྐོར་གྱི་གཏམ་རྒྱུད་བརྗོད་པའི་དེབ་ཅིག་བཏོན་ནས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཤུགས་འཕེལ་བ་དང་རྒྱུན་འཛིན་བྱེད་བཞིན་ཡོད།

    2020ལོའི་ཟླ་5པར། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་འོག འགྲོ་ཕན་གླིང་ཨ་ཅག་གི་སློབ་ཁང་། སྡེ་ཁུལ་གྱི་བཟོ་གྲྭ་ཞེས་པ་ལྷ་སར་བཙུགས་ནས་བུད་མེད་ཀྱི་ལས་གཏོད་ལས་ཞུགས་ཀྱི་བར་མཐོངས་ཟམ་མི་ཆད་པར་རྒྱ་ཆེར་བཏང་། སློབ་ཁང་གི་སློབ་ཁྲིད་དང་། བརྒྱུད་རིམ་ནང་སྦྱོང་། ལས་ཡུལ་དངོས་ཀྱི་སྦྱོང་བརྡར་བཅས་བརྒྱུད་ནས་སྡེ་ཁུལ་བུད་མེད་ཀྱིས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པར་བྱས་ཏེ་ཁོང་ཚོ་ལས་ཞུགས་ཐུབ་པ་དང་ངལ་ནུས་ཡོང་འབབ་འཕར་བ་བྱས་ཡོད།

    གནའ་སྐྲུན་སྒོ་ར་ཆེ་མོའི་ཐོག་སོ་གཉིས་པར་ལྷ་སའི་སྡེ་ཁུལ་གྱི་བཟོ་གྲྭ་ཐོག་མ་དེ་ཡོད་པ་དང་། དེའི་ནང་ཉིན་ལྟར་བོད་རིགས་བུད་མེད་ཚོའི་བྲེལ་བརྩོན་གྱི་རྣམ་པ་མཐོང་རྒྱུ་ཡོད། ཁོང་ཚོའི་ལག་ནང་གི་བལ་སྐུད་དེ་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་རེ་རེར་འགྱུར་བཞིན་ཡོད། བདེ་གཡང་གིས་ཨ་ཅག་གི་སློབ་ཁང་དང་སྡེ་ཁུལ་གྱི་བཟོ་གྲྭ་ཞེས་པ་བཙུགས་པ་ནས་དྲ་ཐོག་ཏུ་སྐད་གྲགས་ཆོད་པར་གྱུར་པའི་བར། རྣམ་གྲངས་5རེ་ཞུ་དང་། འགན་འཁུར་བ། དེར་ཞུགས་པ་སོགས་ཀྱི་བརྒྱུད་རིམ་ལས། ངས་དེ་ནི་དཀའ་ངལ་ཆེ་བའི་ལས་ཀ་ཞིག་ཡིན་པ་ཤེས་བྱུང་། འོན་ཀྱང་དེའི་དོན་སྙིང་ནི་ངས་རྩ་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་མུ་མཐུད་རིག་གནས་ཀྱི་ནང་དོན་ལེགས་སྒྲིག་དང་། བཅུད་ལེན་བྱས་ཏེ་གསར་རྩོམ་ཐེངས་མང་བྱས་ནས་དེང་རབས་ཀྱི་འཚོ་བ་དང་འཚམ་པའི་ཐོན་རྫས་ཤིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད།

    བདེ་གཡང་གིས་སྣེ་ཁྲིད་པའི་ཚོགས་ཆུང་དེའི་མི་རིགས་ལག་ཤེས་ཐོན་རྫས་ཀྱི་ཚོང་ཁང་ལྷ་སའི་གྲོང་ཁུལ་རྙིང་པའི་ཁུག་ཀྱོག་ཅིག་ཏུ་ཡོད་མོད། འོན་ཀྱང་ལག་ཤེས་ཐོན་རྫས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པས་ཆེད་མངགས་ཉོ་བར་ཡོང་མཁན་མི་ཉུང་བ་ཞིག་ཡོད། ཚོང་ཁང་ནང་འཇུན་པ་ཉ་པའི་གྲོང་ཚོའི་ཀོ་ཆས་དང་། ལྷ་སའི་སྲང་ལམ་དུ་བཟོས་པའི་རས་ཀྱི་ཨ་ལད་པད་ཀོག པ་སྣམ་གྱི་དབང་ལྡན་གྲུམ་ཟེ་སོགས་བོད་ཀྱི་ས་གནས་ཁག་ནས་ཐོན་པའི་ཉེར་མཁོའི་ལག་ཤེས་ཐོན་རྫས་མང་པོ་ཡོད།

    ཉེ་བའི་ལོ་ཤས་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་གཙོ་གནད་རོགས་སྐྱོར་རྣམ་གྲངས་དང་གཙོ་གནད་རིག་དངོས་སྲུང་སྐྱོབ་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་ཐོག མི་སྔར་བས་མང་བ་ཞིག་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཉམས་འགྱུར་ཚོར་བ་བྱས་ཏེ་ས་མཐོའི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་མིང་བྱང་ལེགས་པར་བཏོད་ཡོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397128101