བོད་ལྗོངས།
བོད་རིགས་ཀྱི་འཚོ་བར་རྒྱུན་དུ་མཁོ་བའི་ཁ་བཏགས།

    ཁ་བཏགས་ནི་བོད་རིགས་ཀྱི་བྱ་བ་བཟང་ངན་གང་འདྲ་ཞིག་ལའང་མེད་དུ་མི་རུང་བའི་དངོས་པོ་ཞིག་རེད། ཁྱིམ་ཚང་ཞིག་ལ་ཕྲུ་གུ་ཞིག་བཙས་ན་བང་གསོལ་དུ་དགའ་ཉེ་ཚོས་ཁ་བཏགས་དང་ཤོག་ཆག་སོགས་ཁྱེར་ནས་འགྲོ་དགོས་པ་དང་། ཕྲུ་གུ་སྒོ་འདོན་ཞེས་ཕྲུ་གུ་སྒོ་ཕྱིར་ཐོག་མར་དོན་པའི་ཉིན་མོར་ཕྲུ་གུ་དེར་ཁ་བཏགས་གཡོག་པ་དང་། ཕྲུ་གུ་སློབ་གྲྭར་ཐོག་མར་གཏོང་བའི་སྐབས་སུ་ཡང་དགེ་རྒན་དང་རྒན་རབས་སོགས་ལ་མཇལ་དར་དང་ཤོག་ཆག་འབུལ་བ་མ་ཟད། ཕྲུ་གུར་ཁ་བཏགས་གཡོག་གི་ཡོད། དེ་བཞིན་སློབ་གྲྭ་ཐོན་པའི་སྐབས་སུའང་དེ་ལྟར་ཡིན་ལ་འཇིག་རྟེན་མཐུན་འཇུག་གི་རྟེན་འབྲེལ་དང་། འགྲུལ་པར་སྐྱེལ་མ་དང་། འགྲུལ་པར་བསུ་བ་སོགས་བཀྲ་ཤིས་རྟེན་འབྲེལ་གྱི་རིགས་ཀུན་ལ་ཁ་བཏགས་མི་དགོས་ས་མེད། མདོར་ན་བླ་དཔོན་ལ་ཐུགས་རྗེ་ལེགས་འབུལ་ཞུ་བར་ཁ་བཏགས་དགོས་ལ་གཞན་ལ་བྱ་དགའ་སྤྲོད་སྐབས་ཀྱང་ཁ་བཏགས་གཡོག་དགོས་ཀྱི་ཡོད།

    གཞན་ཡང་བཀྲ་མི་ཤིས་པའི་བྱ་བ་ལའང་ཁ་བཏགས་ནི་མེད་ཐབས་མེད་པ་ཞིག་ཏེ། ཁྱིམ་དུ་མི་ཤི་བྱུང་བའི་སྐབས་སུའང་གཤིན་པོའི་སྐུ་ཕུང་ལ་ཁ་བཏགས་སྒྲོན་དགོས་པ་དང་། དེ་བཞིན་མི་ཤི་འབྱུང་སའི་ཁྱིམ་ཚང་གི་དགའ་ཉེ་ཚོས་ཀྱང་ཐུགས་གསོས་དང་བདུན་ཚིགས་སོགས་ལ་ཁ་བཏགས་འཁྱེར་དགོས་པས། ཁ་བཏགས་ནི་བོད་རིགས་ཀྱི་འཚོ་བའི་ནང་དུ་མེད་དུ་མི་རུང་བའི་དངོས་པོ་ཞིག་ཡིན་ལ་ཁ་བཏགས་དང་ཤོག་ཆག་མཉམ་དུ་འཁྱེར་དགོས་པའང་མང་པོ་ཞིག་ཡོད། དེ་ཡང་གནས་ཚུལ་མི་འདྲ་བ་གཞིགས་ཏེ་ཁ་བཏགས་གཏོང་ཚུལ་ཡང་མི་འདྲ་སྟེ། དེ་སྔ་བླ་མ་དང་དཔོན་པོའི་དྲུང་དུ་སྐྱབས་འཇུག་ཞུ་བའི་ཚེ་ཁ་བཏགས་གཏོང་མཁན་གྱིས་ལག་གཡས་པས་ཁ་བཏགས་ཀྱི་སྣེ་གཅིག་ནས་བཟུང་བ་དང་ལག་གཡོན་མས་ཁ་བཏགས་ཀྱི་གཤམ་ནས་བཟུང་སྟེ་བླ་མའམ་དཔོན་པོའི་ཅོག་ཙེའི་མདུན་དུ་གཞུང་དུ་གཏོང་བ་དང་། ཡང་བླ་མའང་གོང་རིམ་ལྟ་བུ་མཇལ་འཕྲད་ཙམ་ལས་དམིགས་བསལ་རྒྱུ་རྐྱེན་ཞུ་དགོས་མེད་ན་ལག་གཉིས་ཀྱིས་ཁ་བཏགས་འཕྲེད་དུ་གཏོང་གི་ཡོད། འགྲུལ་པ་ཚུར་འབྱོར་ལ་སྣེ་ལེན་ཞུ་སྐབས་མཇལ་དར་ལས་གཉིས་ཀྱིས་ལག་ཏུ་སྤྲོད་པ་ལས་མགུལ་དུ་སྒྲོན་སྲོལ་མེད་ཅིང་། དམིགས་བསལ་གྱི་འགྲུལ་པ་གལ་ཆེའི་རིགས་འབྱོར་བའི་སྐབས་སུ་བསུ་མཁན་ཡང་མི་སྣ་གལ་ཆེན་ཞིག་ཡིན་ན་ཕན་ཚུན་ཕྲད་རྗེས། “མཇལ་དར་རྩེ་སྤྲོད་བྱེད་པ”ཞེས་ཕན་ཚུན་གཉིས་ཀས་ཁ་བཏགས་སྤྲོད་ལེན་བྱེད་ཀྱི་ཡོད། འགྲུལ་པ་ཐོན་སྐབས་སྐྱེལ་མཁན་དང་ཐོན་མཁན་འདྲ་མཉམ་མམ་ཐོན་མཁན་དམའ་བ་ཡིན་ན་ཁ་བཏགས་སྐེ་ལ་གཡོག་པ་དང་། གལ་ཏེ་ཐོན་མཁན་དེ་སྐྱེལ་མི་དེས་གུས་ཞབས་ཆེན་པོ་ཞུ་དགོས་པ་ཞིག་ཡིན་ན་མཇལ་དར་ཕྱག་ཏུ་འབུལ་བ་ལས་མགུལ་དུ་སྒྲོན་མི་རུང་། ཡང་ལྷ་ས་གྲོང་ཁྱེར་ཁོངས་ཀྱི་སྙེ་མོ་རྫོང་སོགས་ལུང་པ་འགའ་ཞིག་ཏུ་ལུང་པའི་ནང་དུ་བྱས་རྗེས་ཅན་ལ་གཟེངས་བསྟོད་བྱེད་པའི་ཚེ་དཔའ་དར་ཞེས་ཁ་བཏགས་མདུན་ནས་རྒྱབ་ལ་གཡོག་སྲོལ་ཡང་འདུག་པ་དང་། ཡང་དཔྱིད་ཀ་ཞིང་ལ་ལུད་དབོར་བའི་ཚེ་ཁྱིམ་ཚང་རེས་མོས་ཀྱིས་དབོར་གྱི་ཡོད་པས། ཁྱིམ་ཚང་ཞིག་གི་ལུད་དབོར་བའི་ཚེ་མི་མང་ཙམ་འཛོམས་ཏེ་དགོང་དྲོ་ལུད་དབོར་ཟིན་རྗེས་ཞིམ་ཟས་དང་ཇ་ཆང་ལ་ལོངས་སུ་སྤྱོད་ཅིང་། ཕོ་གཞོན་རྣམས་ཤེད་ཤུགས་ངོམ་རེས་ཀྱིས་བེ་ག་དང་གཉའ་རྩལ་སོགས་འགྲན་པའི་ཚེ་རྒྱལ་ཁ་འཐོབ་མཁན་དེར་ཁ་བཏགས་ཀྱི་དོད་དུ་སྐེའམ་དཔུང་པར་རྩམ་པའི་ཁ་བཏགས་ཤིག་འཐེན་གྱི་ཡོད་པ་དེར་ཡང་དཔའ་དར་ཟེར་གྱི་འདུག་པ་ནི་གནའ་དུས་སུ་ཁ་བཏགས་མེད་པའི་སྐབས་ནས་དེ་ལྟར་ཡིན་ནམ་སྙམ་མོ། གལ་ཏེ་དེ་ལྟར་ཡིན་ན་ཁ་བཏགས་ཀྱི་ཁུངས་ཀྱང་དེ་ལ་ཐུག་པས་དཔྱད་དགོས།

    (《བོད་ཀྱི་ཡུལ་སྲོལ་རྣམ་བཤད》ལས་བཏུས)

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397561151