བོད་ལྗོངས།
ལྷ་་སའི་བར་སྐོར་གྱི་དར་ཞིང་རྒྱས་པའི་ཉམས་བཟང་།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན། དཔྱིད་ཀའི་ནམ་དུས་སུ་དྲོད་འཇམ་ཉི་འོད་ཀྱིས་ས་གཞི་མལ་ལས་བསླངས་པ་དང་། བོད་ཀྱི་ལྷ་སར་ལོ་ངོ་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ལྷ་ལྡན་གཙུག་ལག་ཁང་དང་བར་སྐོར་ཡང་གཉིད་ལས་བསླངས་སོང་།

    བར་སྐོར་དུ་གནའ་གྲོང་གི་སྲོལ་རྒྱུན་རྣམ་པ་དང་འཚོ་སྡོད་བྱེད་སྟངས་མ་ཉམས་པར་ཅུང་ཆ་ཚང་བར་ཉར་ཚགས་བྱས་ཏེ་བོད་ཀྱི་ལྷ་སའི་འདུ་འཛི་ཆེ་ཤོས་ཀྱི་ཚོང་ལས་ཁྲོམ་གཞུང་དུ་གྱུར་ཡོད། དེས་གཙུག་ལག་ཁང་དང་འདྲ་བར་ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད་གནའ་གྲོང་དར་རྒྱས་ཀྱི་ཉམས་བཟང་ལ་དཔང་པོ་བྱས་ཡོད།

    ཐང་བོད་དབོན་ཞང་རྡོ་རིང་ནས་འགོ་བཙུགས་ཏེ་གྲོང་མི་དང་ཡུལ་སྐོར་བས་གཡས་སྐོར་བརྒྱབ་ནས་བར་སྐོར་དུ་སྐྱོད་བཞིན་མཆིས། དེ་སྔའི་ས་ལམ་སྔ་མོ་ནས་རྡོ་གཅལ་ལམ་དུ་བསྒྱུར་བ་དང་སྐོར་ལམ་གྱི་གཞོགས་གཉིས་ནི་སྲོལ་རྒྱུན་གྱི་བོད་བཟོའི་ཁང་པ་ཡིན་པ་དང་། ཚོང་ཁང་འདྲ་མིན་སྣ་ཚོགས་ཀྱིས་མི་རྣམས་ཀྱི་ཡིད་དབང་བཀུག་ནས་ཡང་སེ་ནང་དུ་འཛུལ་ཏེ་ལྟ་གི་ཡོད།

    བར་སྐོར་ནང་ཞྭ་མོ་དཀར་པོ་ཞེས་པ་ནི་ཚོང་ཁང་ཀུན་ལས་རྙིང་ཤོས་སུ་རྩི་ཆོག ལོ་ངོ་བརྒྱ་ལྷག་བརྒྱུད་པའི་ཚོང་ཁང་དེ་ནི་བལ་པོས་བཙུགས་པའི་ཁྱིམ་རྒྱུད་ཀྱི་ཁེ་ལས་ཤིག་ཡིན་ལ་གཙོ་བོར་བལ་པོའི་གསེར་ཟངས་ཀྱི་སྐུ་འཚོང་གི་ཡོད།

    ཤོད་རྒྱུན་ལྟར་ན། ཚོང་ཁང་དེ་འཛུགས་མཁན་པཱ་ཅིའུ་རན་ཐེ་ནཱ·ཆའོ་ཏིས་རྟག་ཏུ་ཞྭ་མོ་དཀར་པོ་གྱོན་ནས་ཚོང་རྒྱག་གི་ཡོད་པས། ཕྱིས་སུ་མི་རྣམས་ཀྱིས་ཞྭ་མོ་དཀར་པོ་ཟེར་གྱི་ཡོད་པ་དང་རིམ་གྱིས་ཚོང་ཁང་གི་མིང་དུ་གྱུར།

    མིག་སྔར་ཁྱིམ་རྒྱུད་ཀྱི་ཁོངས་མི་རེ་ཐ་ནཱ·ཁུ་མར·ཐུ་ལ་ཏ་ཧས་ཚོང་ཁང་དེ་གཉེར་སྐྱོང་བྱེད་ཀྱི་ཡོད་པ་དང་། ཁོང་ལྷ་སར་འཚོ་བ་བསྐྱལ་ནས་ལོ་30ལྷག་སོང་ཡོད།

    ལོ་46ལ་སླེབས་པའི་ཕུར་བུ་ཚེ་རིང་གིས་བར་སྐོར་དུ་ཁང་པ་ཞིག་གླས་ནས་ཐང་ག་དང་གསེར་ཟངས་སྐུའི་ཚོང་བརྒྱབ་ནས་ལོ་20ལྷག་སོང་། ཁོང་གིས། སྔོན་ཆད་ཉེ་འཁོར་དུ་ཐང་གའི་ཚོང་ཁང་མང་པོ་ཡོད་ནའང་ད་ཆ་ཕལ་ཆེ་བས་ཚོང་གཞན་དག་རྒྱག་གི་ཡོད། ཡིན་ཡང་རང་ཉིད་ཀྱིས་ད་དུང་ཐང་གའི་ཚོང་གཉེར་བྱེད་ཀྱི་ཡོད་ཅེས་བཤད།

    ཕུར་བུ་ཚེ་རིང་གིས། ཐང་གའི་ལྷ་བྲིས་པ་20ལྷག་གིས་རྒྱབ་སྐྱོར་ལྷོད་མེད་བྱེད་ཀྱི་ཡོད་ལ་ཁོང་ཚོ་ནི་ཐང་གའི་ལུགས་མི་འདྲ་བའི་ལྷ་འབྲི་བ་ཡིན་པས་ཐང་གའང་སྣ་ཚོགས་ཡོད། ཚོང་ཡག་པའི་དུས་སུ་ཚོང་ཁང་དུ་ཉིན་ལྟར་ཚོང་གཉེར་དངུལ་སྒོར་ཁྲི་གཅིག་ཡན་ཟིན་གྱི་ཡོད་ཅེས་བཤད།

    བར་སྐོར་གྱི་ཚོང་ལས་དཔལ་འབྱོར་ཐད་དུས་རྒྱུན་གྱི་ཚོང་ཁང་ཡོད་ཁར་ཚོང་ཁང་གསར་པའང་མུ་མཐུད་འཛུགས་ཀྱི་ཡོད། གྲངས་གཞི་ལས་མངོན་པ་ལྟར་ན། 2020ལོར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3505ལྷག་ལ་སྣེ་ལེན་ཞུས་ཏེ་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་366.4བྱུང་ཡོད། བོད་ཀྱི་ཡུལ་སྐོར་ལས་རིགས་ཟམ་མི་ཆད་པར་གོང་འཕེལ་སོང་བ་དང་བསྟུན་ནས་བར་སྐོར་དུ་ཡང་གསོན་ཤུགས་གསར་པ་རྒྱས་ཡོད།

    “ཡུལ་སྐོར་འཕེལ་རྒྱས་སོང་ནས་བར་སྐོར་གྱི་ཚོང་ལས་གོ་སྐབས་སྣ་མང་ཅན་དུ་གྱུར་པ་དང་། ང་ཚོའི་ཚོང་ཁང་ལ་མཚོན་ན་ཐོག་མར་གྱོན་གོས་བོགས་མར་གཏོང་བ་དང་འཚོང་གི་ཡོད་ནའང་ཕྱིས་སུ་ཡུལ་སྐོར་བའི་དགོས་མཁོ་ལྟར་བོད་ཆས་གྱོན་ནས་པར་རྒྱག་པའི་ཕྱོགས་སུ་གཞོལ་བ་ཡིན། ང་ཚོས་བོད་ཆས་ལེགས་བཅོས་བྱས་ནས་དེང་རབས་ཀྱི་ཁྱད་ཆོས་ལྡན་པར་བྱས་ཡོད”ཅེས་ཉམས་ལེན་ཁང་གི་སྲོལ་གཏོད་པ་ཀའོ་ཧྥུའུ་རུའེ་ཡིས་བཤད།

    བོད་ཆས་གྱོན་ནས་པར་རྒྱག་པ་ནི་2018ལོར་དངོས་སུ་དར་ནས་ཁྲོམ་གཞུང་ཧྲིལ་པོར་བོད་ཆས་གྱོན་ནས་པར་རྒྱག་ས་བཅུ་ལྷག་ཙམ་ཡོད། “སྤྱིར་ན་འགྲན་རྩོད་ཆེ་ཙམ་ཡོད་ཀྱང་ང་ཚོའི་ཚོང་ལས་ལོ་དུ་མའི་རིང་ཞན་དུ་མ་སོང་བར་ཡག་པོ་བྱུང”ཞེས་ཀའོ་ཧྥུའུ་རུའེ་ཡིས་བཤད།

    སྲོལ་རྒྱུན་དང་དེང་རབས་ཀྱི་གཞི་རྒྱུ་འཕྲད་ནས་གསར་གཏོད་ཀྱི་འོད་སྣང་འདི་གར་འཚེར་བ།

    “ཐི་ཧུའུ”ཞེས་པའི་ཚོང་ཁང་དུ་སྒྱུ་རྩལ་གྱི་ཉམས་འགྱུར་སྣ་ཚོགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་སྐར་ཚོགས་ལྟར་ཡོད་ཅིང་། གཉེར་སྐྱོང་དོ་དམ་པ་ལི་ལེ་ཡིས། ཚོང་ཁང་དུ་ཁྱོན་ལག་ཤེས་བཟོ་རྩལ་ཐོན་རྫས་800ལྷག་ཡོད་པ་ཕལ་ཆེ་བ་ནི་རང་བརྟེན་ངང་ཇུས་འགོད་གསར་སྤེལ་བྱས་པ་ཡིན་ལ་བོད་བཟོའི་ཐོན་རྫས་ཕལ་ཆེ་བར་ད་དུང་ནུབ་ཕྱོགས་སྒྱུ་རྩལ་གྱི་ཉམས་འགྱུར་ཟུང་འབྲེལ་བྱས་པས་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་ཡོད་ཅེས་ངོ་སྤྲོད་བྱས།

    སྤྱིར་ན་ཚོང་ཁང་བཙུགས་ནས་ཡུན་རིང་མ་སོང་ཡང“ཐི་ཧུའུ”ཡི་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱིས་ལམ་སེང་ཚོང་ལམ་བཏོད་དེ་ད་ཆ་བར་སྐོར་ཁོ་ནར་ཚོང་ཁང་3བཙུགས་ཡོད་པ་རེད།

    བར་སྐོར་གྱིས་དེ་གའི་ཚོང་ཁང་དག་གི་རྒྱུན་འཁྱོངས་དང་ཧུར་བརྩོན་ལ་དཔང་པོ་བྱས་པ་མ་ཟད། སྐྱེ་སྟོབས་དང་གསོན་ཤུགས་རབ་ཏུ་འཕེལ་བའི་དར་རྒྱས་ཀྱི་ཉམས་བཟང་གི་དཔང་པོའང་བྱས་ཡོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398291841