བོད་ལྗོངས།
བོད་ལྗོངས་ཀྱི་རིག་རྩལ་འཁྲབ་སྟོན་རུ་ཁག་ཁྲི་10ལྷག་ཙམ་གྱིས་བོད་ལྗོངས་ཀྱི་ས་ཆ་ཁག་ཏུ་འཁྲབ་སྟོན་བྱས་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་གྲངས་གཞི་གསར་ཤོས་ལས་མངོན་པར། 2020ལོར་བོད་ཀྱིས་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་5492བཙུགས་པས་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་ཕྱོགས་ཡོངས་ལ་ཁྱབ་པ་དང་། རྫོང(ཆུས)76གི་སྒྱུ་རྩལ་ཚོགས་པ་བསྣན་ན་རིག་རྩལ་འཁྲབ་སྟོན་པ་ཁྲི་10ལྷག་ཙམ་ཡོད། ལོ་ཧྲིལ་པོར་རིམ་རྩིས་བྱས་ན། དམངས་ཕན་འཁྲབ་སྟོན་ཁྲི་2ལྷག་ཙམ་བྱས་པ་དེ་2015ལོ་ལས་འཁྲབ་སྟོན་བྱེད་ཐེངས་ཁྲི་ལྷག་ལས་མང་བ་ཡོད་པ་དེས་གཞི་རིམ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད།

    བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཇུ་གྲོང་ཚོའི་བྲོའི་འཁྲབ་སྟོན་རུ་ཁག་གི་རུ་མིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཡིན་པའི་འཇུ་བྲོ་འཁྲབ་པ། (202ལོའི་ཟླ་7ཚེས་1ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

    ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་ཟུར་མཁར་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་2020ལོའི་གྲ་ནང་སྣམ་བུའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཞུགས་ནས་ཁྱད་ལྡན་ཞབས་བྲོའི་ལེ་ཚན་འཁྲབ་སྟོན་བྱས་པས་མང་ཚོགས་ཀྱི་དགའ་བསུ་ཡང་ཡང་ཐོབ་ཡོད། འཁྲབ་སྟོན་རུ་ཁག་གི་རུ་མི་ནོར་བུ་རྡོ་རྗེས། “ང་ཚོ་ཚང་མ་ལས་ཞོར་འཁྲབ་སྟོན་པ་ཡིན། ད་རེས་ཆེད་ལས་དགེ་རྒན་གྱིས་མཛུབ་ཁྲིད་བྱས་ནས་ནང་སྦྱོང་གཟའ་འཁོར་གཉིས་ལྷག་ཙམ་བྱས་པ་ཡིན། འཁྲབ་སྟོན་བྱ་རྒྱུ་བྱུང་བར་དངོས་གནས་དགའ་པོ་བྱུང”ཞེས་བརྗོད།

    མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་རུ་ཁག་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་2020ལོ་ནས་བཟུང་སྲིད་འཛིན་གྲོང་ཚོ་ཚང་མའི་རིག་རྩལ་འཁྲབ་སྟོན་རུ་ཁག་ལ་ལོ་ལྟར་ཁ་གསབ་སྒོར་ཁྲི་5སྤྲོད་ཀྱི་ཡོད་པ་དེ་གཙོ་བོ་འཁྲབ་སྟོན་མི་སྣའི་ལས་ཐེབས་ཆག་པའི་ཁ་གསབ་ལ་སྤྱོད་པ་དང་། འཁྲབ་ཆས་དང་འཁྲབ་སྟོན་ཡོ་བྱད་ཉོ་བ་དང་དེ་བཞིན་ལེ་ཚན་གསར་རྩོམ་སོགས་ལའང་སྤྱོད་ཀྱི་ཡོད།

    2020ལོའི་ཟླ་8ཚེས་7ཉིན། བོད་ལྗོངས་ཀྱི་པི་ཝང་ཞབས་བྲོའི་འགྲེམ་འཁྲབ་སྐབས་དང་པོ་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་དུ་གཉེར་བ་དང་། འཁྲབ་སྟོན་པ་མང་པོས་མཉམ་དུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་པི་ཝང་ཞབས་བྲོ་འཁྲབ་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་ཁྲོམ་གཞུང་གི་དཔལ་སྡིངས་གྲོང་ཚོས་2020ལོར་རིག་རྩལ་འཁྲབ་སྟོན་རུ་ཁག་བཙུགས་པ་རེད། དཔལ་སྡིངས་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་ཚེ་རིང་འོད་ཟེར་གྱིས“འཁྲབ་སྟོན་རུ་ཁག་བཙུགས་རྗེས་ལེ་ཚན་འཁྲབ་སྟོན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཞིང་མི་རིགས་མཐུན་སྒྲིལ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་བརྗོད་དོན་གཙོ་བོའི་འཁྲབ་སྟོན་ལ་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་བརྗོད།

    གཞི་རིམ་འཁྲབ་སྟོན་རུ་ཁག་གི་ལེ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་ཆེད། བོད་ཀྱིས“‘མཛེས་སྡུག་ལྡན་པའི་བོད་ལྗོངས·གཅེས་པར་འོས་པའི་ཕ་ཡུལ’གྱི་ཕུལ་བྱུང་རིག་གནས་ཐོན་རྫས་ཀྱི་གྲོང་གསེབ་ཀྱི་མཁོ་སྤྲོད་འདུ་འགོད”ལག་བསྟར་བྱས་ཤིང་། དེའི་དམིགས་ཡུལ་ནི་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་བཅའ་ཁྲིམས་དང་། ཚན་རྩལ། སློབ་གསོ། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་ཆེད་རེད། འདུ་འགོད་དེས་རྫོང(ཆུས)སྒྱུ་རྩལ་ཚོགས་པ་དང་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་ལ་འདྲ་བཟོ་ཐུབ་པ་དང་སློབ་ཁྲིད་བྱེད་ཆོག་པའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་ཁག་གཅིག་མཁོ་འདོན་བྱས་ཡོད།

        བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གནས་ཁ་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་གྲོང་མིར་ལེ་ཚན་འཁྲབ་སྟོན་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    བསྡོམས་རྩིས་བྱས་པར་གཞིགས་ན། 2020ལོར་ལྗོངས་ཡོངས་ཀྱི་རྫོང(ཆུས)76གི་སྒྱུ་རྩལ་ཚོགས་པའི་གསར་རྩོམ་པ་མི་ཐེངས་1038གྲོང་ཚོ་དང་གྲོང་ལྷན་དུ་དམངས་གཞས་འཚོལ་བསྡུ་བྱེད་པར་སྐྱོད་པ་དང་དབུལ་སྒྲོལ་འགག་སྒྲོལ་དང་། ལས་བརྩོན་ཕྱུག་འགྱུར། མི་བཟང་ལས་བཟང་། གསར་གཏོད་ལས་གཏོད། ཤེས་དཔལ་གོམས་སྲོལ་སོགས་བརྗོད་དོན་གཙོ་བོར་བྱས་ནས་རིག་རྩལ་ལེ་ཚན་691གསར་རྩོམ་དང་སྒྱུར་བཟོ་བྱས་པ་མ་ཟད། རེས་སྐོར་གསོ་སྦྱོང་བརྒྱུད་གྲོང་ཚོ་རིམ་པ་ཁག་གི་རིག་རྩལ་འཁྲབ་སྟོན་རུ་ཁག་ལ་འཁྲབ་རྩལ་སློབ་ཁྲིད་བྱས་ཡོད།

    བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་འཇིགས་མེད་དབང་མཚོས། རྫོང(ཆུས)གི་སྒྱུ་རྩལ་ཚོགས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་བོད་ཀྱིས་གཞི་རིམ་གྱི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་སྐོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་དམ་འཛིན་བྱ་གཞི་གལ་ཆེན་ཡིན་པས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཡོད་ཅེས་བརྗོད།

གྲངས་གཞིའི་ཐོག་ནས་བོད་ལྗོངས་གླེང་། —— ཤིན་ཧྭ་གསར་འགྱུར་ཁང་གི་མཉམ་འདྲེས་སྨྱན་སྦྱོར་གྱི་མུ་འབྲེལ་གསར་འགྱུར་ཆེད་སྒྲིག

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398317651