བོད་ལྗོངས།
རྒྱུན་འཛིན་དང་བཀོལ་སྤྱོད་ནི་འཕེལ་རྒྱས་ཀྱི་སྲོག་རྩ་རེད།

    —— རྒྱལ་ཁབ་རིམ་པའི་སྙེ་བྲིས་ཡིག་གཟུགས་རྒྱུན་འཛིན་པ་བཀྲ་ཤིས་དོན་གྲུབ་དང་སྙེ་བྲིས་ཀྱི་སྐོར་བཀོད་པ།

    འདི་ནི་རྒྱལ་ཁབ་རིམ་པའི་སྙེ་བྲིས་ཡིག་གཟུགས་རྒྱུན་འཛིན་པ་བཀྲ་ཤིས་དོན་གྲུབ་དང་ཁོང་གི་བརྩམས་བྱ་ཡིན་པ།

    གསར་འགོད་པ། རྣམ་གླིང་རིན་ཆེན།

    སྙེ་བྲིས་ཀྱི་འཕེལ་འགྱུར།

    སྙེ་མོ་ནི་བོད་ཡིག་སྲོལ་གཏོད་པ་སློབ་དཔོན་ཐོན་མི་སམ་བྷོ་ཊའི་འཁྲུངས་ཡུལ་ཡིན་པར་གྲགས་ཤིང་། ཐོན་མི་མཆོག་གིས་བོད་ཡིག་ཐོག་མར་གསར་གཏོད་གནང་སྐབས་ཡིག་གཟུགས་གཙོ་བོ་དབུ་ཅན་དང་དབུ་མེད་གཉིས་གཏན་ལ་ཕབ་པར་བཤད། ཁོང་གིས་གསར་གཏོད་གནང་བའི་དབུ་ཅན་ལ་སྦལ་ནག་བགྲད་འདྲ་ཞུ་བ་དང་། བཙན་པོའི་དུས་སུ་བྱུང་བའི་ཡིག་མཁན་མཁས་པ་བརྒྱད་ཀྱིས་སློབ་དཔོན་ཐོན་མིའི་སྦལ་ནག་བགྲད་འདྲ་ཞེས་པའི་ཡིག་གཟུགས་ལ་གཞི་བཟུང་ཞིང་། རང་བྱུང་གི་དངོས་པོ་ལ་དཔེ་བླངས་ཏེ་སོ་ཕག་གཤིབ་འདྲ་དང་། ནས་སྔོན་ཕྱིང་དཀར་སྟེང་བཀྲམ་པ་འདྲ་བ། མུ་ཏིག་བསྟར་ལ་བརྒྱུས་པ་འདྲ་བ། བྱ་ཕོ་འཇོལ་འདྲ། ཉ་མོ་ཆུ་ནང་ནས་ཕྱུང་འདྲ། སེང་གེ་གནམ་ལ་མཆོངས་འདྲ། སྦུར་ནག་བགྲད་འདྲ་བཅས་ཀྱི་དབུ་ཅན་གྱི་ཡིག་གཟུགས་གསར་གཏོད་གནང་བར་གྲགས་ཤིང་། དབུ་མེད་དེ་ཡང་སློབ་དཔོན་གྱིས་འཕགས་ཡུལ་གྱི་ཡི་གེ་ཝརྟུ་ལ་དཔེ་མཛད་ནས་གསར་གཏོད་གནང་བར་གྲགས། དེང་གི་བོད་ཡིག་གི་ཚད་ལྡན་ཡིག་གཟུགས་འབྲི་སྲོལ་གྱི་ཡང་རྩེར་གྲགས་པའི་སྙེ་བྲིས་དེ་ཡང་སློབ་དཔོན་ཐོན་མི་སམ་བྷོ་ཊས་གསར་གཏོད་གནང་བའི་སྦལ་ནག་བགྲད་འདྲ་ལས་རིམ་བཞིན་འཕེལ་འགྱུར་བྱུང་བ་དང་། ལྷག་པར་དུ་དུས་རབས་བཅུ་གསུམ་པ་ཙམ་དུ་སྙེ་མོ་དང་གཙང་གི་ས་མཚམས་སུ་འཁྲུངས་པར་བཞེད་པའི་ཡིག་མཁན་ཁྱུང་པོ་གཡུ་ཁྲིར་འབོད་པ་གང་དེས་དབུ་ཅན་སྙེ་བྲིས་ཀྱི་བྲིས་རྒྱུན་དེའི་རྨང་གཞིའི་ཐོག་མཎྜལ་བཞེངས་སྟངས་ཏེ་བོད་སྐད་དུ་དཀྱིལ་འཁོར་གྱི་ཐིག་རྩ་ལེན་སྟངས་ལ་དཔེ་བླངས་ནས་ཡིག་གཟུགས་ཐིག་རུས་ནང་འབྲི་བའི་སྲོལ་ཐོག་མར་ཕྱེ་བར་གྲགས་ཤིང་། མ་གཞི་དུས་རབས་13པའི་ནང་ཡིག་མཁན་མང་དུ་བྱུང་ཡང་དུས་རབས་14པའི་ནང་གི་ཡིག་མཁན་ཕལ་ཆེ་བ་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ནས་ཡིན་སྟབས། ཡུལ་མིང་དེ་ཡིག་གཟུགས་ཀྱི་མིང་ལ་ཐོགས་ཏེ་སྙེ་བྲིས་ཞེས་སྙན་པའི་གྲགས་པ་གང་སར་ཁྱབ། དུས་རབས་བཅོ་ལྔ་ཙམ་ལ་པར་བརྐོའི་ལག་རྩལ་གསར་དུ་དར་ནས་རྗེ་རིན་པོ་ཆེའི་གསུང་འབུམ་ཐོག་མར་པར་དུ་བརྐོས་གནང་རྗེས། པར་བརྐོའི་ལག་རྩལ་གྱིས་ཡིག་གཟུགས་གྲུ་བཞི་དོད་པོ་དང་མཛེས་ཆ་སྙོམ་པོ་བྱུང་ལ། ཡིག་གཟུགས་ཀྱི་བཟོ་ལྟ་གཏན་ཆགས་སུ་སྣང་བས་དེ་ནས་བཟུང་ཡིག་གཟུགས་འབྲི་སྲོལ་ལ་འགྱུར་བ་དེ་ཙམ་མ་བྱུང་བར་ཅུང་ཚད་ལྡན་དུ་གྱུར་ཡོད།

    རྒྱལ་བ་སྐུ་ཕྲེང་ལྔ་པའི་སྐབས་སུ་རྒྱལ་བའི་བཀའ་བསྟན་འགྱུར་མང་པོ་བརྐོས་དཀྲོལ་གནང་བ་མ་ཟད་སློབ་གྲྭའང་བཙུགས་ཏེ་ཆེད་ལས་ཡིག་མཁན་མི་ཉུང་བ་ཞིག་གསོ་སྐྱོང་གནང་བ་དང་། དེའི་ཁྲོད་ཡུལ་སྙེ་མོ་དང་ཨེ་པ(ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཁུལ་ལ་ཨེ་པ་ཞེས་གྲགས་ཤིང་། དེར་སྐད་གྲགས་ཆེ་བའི་ཨེ་ལྷ་རྒྱ་རིའི་ཕོ་བྲང་གནས་ཡོད)གཉིས་ནས་ཡིན་པའི་ཡིག་མཁན་གྱི་ཤེས་ཡོན་གྱི་གོ་མིང་ལ་སྙེ་མོ་ཡོན་བདག་དང་དབུ་ཅན་དྲུང་ཏོག ཨེ་པ་ཡོན་བདག་དང་དབུ་ཅན་དྲུང་ཏོག་ཅེས་པའི་འབོད་སྲོལ་བྱུང་བ་མ་ཟད། ཁོང་རྣམ་པས་བྲིས་པའི་ཡི་གེའི་མིང་ལའང་སྙེ་བྲིས་དང་ཨེ་བྲིས་ཞེས་ཐོགས། སྙེ་བྲིས་ནི་ཁྱུང་པོ་གཡུ་ཁྲིའི་ཁྱུང་བྲིས་དངོས་ཡིན་སྟབས་བོད་ཀྱི་ལོ་རྒྱུས་ཐོག་གོ་གནས་གལ་ཆེན་བཟུང་པའི་ཡིག་སྣ་ཞིག་ཏུ་གྱུར་བ་དང་། གནའ་དུས་ཀྱི་རྒྱལ་བའི་བཀའ་བསྟན་འགྱུར་དང་གསུང་རབ། གླེགས་བམ་རྙིང་པ། གནའ་དཔེ་ཕལ་ཆེ་བའང་སྙེ་བྲིས་ཀྱི་ལམ་ནས་འབྲི་བཞེངས་བྱས་པ་འབའ་ཞིག་རེད། དེའི་ཁྱད་འཕགས་ཀྱི་ཆེ་བསྟོད་དུ་འཕྲུལ་ཡིག་སྦྱར་ཡོད་པ་སྟེ། དུས་རབས་13ནས་14པའི་ནང་འབྲི་བཞེངས་བྱས་པའི་ཡུམ་རྒྱས་འབྲིང་བསྡུས་གསུམ་ལས། འཕྲུལ་གྱི་ཡི་གེ་འདི་ཞེས་དང་།།གནག་ཚ་གཡུ་ལོ་ཡིས།།འཕྲུལ་ཡིག་ཚད་ལྡན་འདི།།ཞེས་པ་སོགས་ཞིབ་ཏུ་མཇལ་ན་མཁྱེན་པ་ཡིན་ནོ།།

    བཀྲ་ཤིས་དོན་གྲུབ་དང་སྙེ་བྲིས་ཀྱི་ལས་འབྲེལ།

    1976ལོར་སྙེ་མོ་རྫོང་ཕུ་གསུམ་ཤང་ཆུ་ཤུར་གྲོང་ཚོར་འཁྲུངས་པའི་སྙེ་བུ་བཀྲ་ཤིས་དོན་གྲུབ་ལགས་ནི་རྒྱལ་ཁབ་རིམ་པའི་སྙེ་བྲིས་ཡིག་གཟུགས་ཀྱི་རྒྱུན་འཛིན་པ་གྲགས་ཅན་ཞིག་ཡིན་ཞིང་། ཁོང་རང་ལོ་བདུན་ནས་བཟུང་གྲོང་ཚོའི་དམངས་བཙུགས་སློབ་གྲྭར་སློབ་གཉེར་ལ་འགྲོ་བའི་གོ་སྐབས་ཐོབ་ནས་བོད་ཡིག་འབྲི་ཀློག་ཐད་རང་རྐྱ་འཕེར་ཐུབ་པ་དང་། ཕ་མའི་ཐུགས་རེ་བཞིན་ཡིག་གཟུགས་རྒྱུན་འཛིན་པ་ཞིག་ཏུ་འགྱུར་ཕྱིར་སྐབས་དེ་དུས་མིང་གྲགས་ངེས་ཅན་ཡོད་པའི་ཡིག་མཁན་དགེ་བའི་བཤེས་གཉེན་ཨ་ཆུང་ལགས་ཀྱི་གམ་དུ་སྦྱང་ཤིང་ཐོག་དབུ་མེད་གཞུང་བྲིས་ལ་སྦྱངས་པ་མཐར་ཕྱིན་པ་གནང་། དགུང་ལོ་10ལ་སླེབས་པའི་ལོ་དེར། རྨེ་རུ་དགོན་དུ་བཞུགས་སུ་གསོལ་བའི་ཞོལ་པར་ཁང་གི་བཀའ་འགྱུར་ཤིང་དཔར་གྱི་འགན་ཁུར་ཆེ་མོ་བ་གནང་མྱོང་བའི་ཁོང་གི་སྤོ་བོ་སྐལ་བཟང་ནོར་རྒྱས་ཀྱི་མངགས་བྱ་ལྟར། ཕ་མ་གཉིས་ཀྱིས་ཁོང་སྙེ་མོ་ཡོན་བདག་བཀྲ་ཤིས་རྡོ་རྗེའི་དྲུང་དུ་ལོ་བཞིའི་རིང་བོད་ཀྱི་གཞུང་ཡིག་སྙེ་བྲིས་གཙོ་བོར་བྱས་པའི་ཡིག་གཟུགས་ཁག་བརྒྱད་ཙམ་ལ་སློབ་སྦྱོང་བྱེད་པར་མངགས་པ་དང་། རིམ་གྱིས་སྙེ་བྲིས་དང་ལས་འབྲེལ་བྱུང་། ཁོང་གིས་དཀའ་བ་མཐའ་དག་འཛུམ་གྱིས་བསུས་ཤིང་དགེ་རྒན་གྱི་ཞབས་ལ་སྤྱི་བོས་གཏུགས་ཏེ་སྦྱངས་པ་དཔྱིས་ཕྱིན་པ་གནང་བའི་ཞོར་ལ། སྙེ་བྲིས་རྒྱུན་འཛིན་དང་འཕེལ་རྒྱས་ཆེད་རང་གི་ལང་ཚོ་སྐྱེས་སུ་ཕུལ་བ་དང་། སྙེ་བྲིས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུ་དེ་རང་གི་མི་ཚེའི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་ཏེ། བརྩོན་པ་བརྒྱ་དང་འབད་པ་སྟོང་གནང་བས། སྔོན་ཆད་ཅི་ཡང་མི་ཤེས་པའི་གྲོང་གསེབ་ཀྱི་ཕྲུ་གུ་སྣ་ལུད་འཛར་འཛར་དེ་རིམ་གྱིས་བྱ་རྒོད་པོ་གཤོག་རྩལ་རྒྱས་པ་དང་བྱ་ངང་པ་རྐྱལ་རྩལ་རྫོགས་པའི་དུས་ལ་སླེབས་ནས། དབུས་གཙང་ཁུལ་དུ་དྲི་བཞོན་བཞིན་གང་སར་གྲགས་པའི་ཡིག་མཁན་ཆེ་མོ་བ་ཞིག་ཏུ་གྱུར། གསར་འགོད་པས་ཁོང་ལ་ཡིག་གཟུགས་སྦྱོང་མཁན་གྱི་ལས་དང་པོ་བ་རྣམས་ལ་མཚོན་ན་ཐོག་མར་ཡིག་གཟུགས་སྦྱོང་བརྡར་གྱི་འགོ་གང་ནས་འཛུགས་དགོས་མིན་བཀའ་འདྲི་ཞུ་དུས། ཁོང་གིས། ཡིག་གཟུགས་སྦྱོང་མཁན་གྱི་ལས་དང་པོ་བ་ཞིག་ལ་མཚོན་ན། ཐོག་མར་དུས་ཚོད་ངེས་ཅན་སྤྱད་དེ་སྦྱང་ཤིང་གི་སྟེང་དུ་ཡི་གེའི་གཟུགས་རིས་སྦྱོང་རྒྱུ་དེ་ཤིན་ཏུ་གལ་ཆེ་བ་ཡིན། ང་ཚོ་སྙེ་བྲིས་རྒྱུན་འཛིན་པ་མང་པོར་མཚོན་ཡང་ཚང་མས་མ་མཐར་ཡང་ལོ་གསུམ་ནས་བཞིའི་བར་གྱི་དུས་ཚོད་སྤྱད་དེ་སྦྱང་ཤིང་ཐོག་ཡིག་གཟུགས་སྦྱངས་མྱོང་མཁན་ཤ་སྟག་རེད། སྦྱང་ཤིང་ཐོག་ཡིག་གཟུགས་བྱང་ཆུབ་པ་འབྲི་ཐུབ་ན། གཞི་ནས་མཐིང་ཤོག་དང་། ཐང་ག ཤོག་བུ་སོགས་ཀྱི་ཐོག་ཏུ་ཡིག་གཟུགས་འབྲི་འགོ་བརྩམས་ཆོག་ཅེས་གསུངས།

    སྙེ་མོ་ཡོན་བདག་བཀྲ་ཤིས་རྡོ་རྗེ་མཆོག་ནི་1984ལོར་རྩེ་ཕོ་བྲང་དུ་མེ་སྐྱོན་བྱུང་ནས་རིན་ཆེན་སྣ་བརྒྱད་ལས་གྲུབ་པའི་རྒྱལ་བའི་བཀའ་བསྟན་འགྱུར་རིན་པོ་ཆེ་པོད་གྲངས་80ཙམ་ལ་གནོད་འཚེ་ཚབས་ཆེན་བྱུང་སྟེ་དེ་དག་ཉམས་གསོ་དང་གསར་བཞེངས་གནང་སྐབས་ཀྱི་འགན་ཁུར་བར་གདན་འདྲེན་ཞུས་པ་ཞིག་ཡིན་པ་དང་། སྐབས་དེ་དུས་བཀྲ་ཤིས་དོན་གྲུབ་ཀྱང་གནའ་དཔེ་འབྲི་བཞེངས་ཐད་ཀྱི་ཡིག་རྒྱུགས་བཏང་སྟེ་ཡིག་རྒྱུགས་བདེ་བླག་ངང་འཕྲོད་ནས་1988ལོ་ནས་1993ལོ་བར་གནའ་དཔེ་ཉམས་གསོའི་ལས་ལ་ཞུགས་པ་མ་ཟད། ལོ་20ལྷག་ཙམ་རིང་རྨེ་རུ་དགོན་དུ་སྣར་ཐང་བསྟན་འགྱུར་གྱི་པར་བརྐོས་གསར་བཞེངས་ཀྱི་ལས་ལ་ཞུགས་ཏེ། མིག་སྔར་སྙེ་བྲིས་གཙོ་བོར་བྱས་པའི་ཡིག་གཟུགས་འབྲི་རྩལ་ལ་ནང་བྱན་ཆུད་ནས་ཡིག་མཁན་མང་པོའི་ཁྲོད་དུ་སྐར་ཚོགས་དབུས་ཀྱི་ཟླ་བ་ལྟ་བུར་གྱུར། ཁོང་གིས་སྔ་རྗེས་སུ་འབྲི་གུང་ཨ་དགོན་རིན་པོ་ཆེའི་དཔེ་རྙིང་གསར་བཞེངས་དང་། ཕོ་བྲང་གི་འབུམ་གསེར་བྲིས་དང་གནའ་དཔེ་ཉམས་གསོ། བོད་ལྗོངས་གསོ་རིག་སློབ་གླིང་གི་ཤེལ་གོང་ཤེལ་ཕྲེང་སོགས་ཀྱི་སྨན་གཞུང་གསེར་བྲིས། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དགོན་གྱི་གནའ་དཔེ་ཉམས་གསོའི་མཐིང་ཤོག་ཆ་ཚང་། མཚོ་སྔོན་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་རྒྱུད་བཞི་གསེར་ཆོས། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་གཙོས་པའི་སྨན་ཁང་མང་པོའི་སྨན་ཐང་བྲིས་ཆ་སོགས་འབྲི་བཞེངས་ཀྱི་ལས་ལ་ཞུགས། གསར་འགོད་པས་ཁོང་ལ་མིང་དོན་མཚུངས་པའི་ཡིག་མཁན་ཞིག་ལ་མཚོན་ན་ཡིག་གཟུགས་ཀྱི་མཛེས་ཆ་འདོན་རྒྱུ་གཙོ་བོར་བྱེད་པ་ཕུད་ད་དུང་ཕྲག་ཐོག་ཏུ་འགན་འཁྲི་གང་ཡོད་མེད་བཀའ་འདྲི་ཞུ་དུས། ཁོང་གིས། མི་མང་པོས་ཡིག་མཁན་ཡིན་ན་ཡིག་གཟུགས་འབྲི་མཁས་པོ་བྱུང་བ་ཙམ་གྱིས་འགྲིག་གི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ལྟ་ཚུལ་དེ་ནི་རྦད་དེ་ནོར་འཁྲུལ་རེད། རྒྱུ་མཚན་ནི་ཡིག་མཁན་ཚད་ལྡན་ཞིག་ལ་མཚོན་ན། རང་གི་ཡིག་གཟུགས་འབྲི་རྩལ་ལ་བརྟེན་ནས་གནའ་དཔེ་དང་རྒྱལ་བའི་བཀའ་བསྟན་འགྱུར་སོགས་ཀྱི་དཔེ་རྙིང་མང་པོ་བསྐྱར་བཤུ་དང་མྱུར་སྐྱོབ། གསར་བཞེངས་བྱ་རྒྱུའི་ལས་རིམ་རྙོག་འཛིང་ཆེན་པོ་ཡོད་པས། ཡིག་གཟུགས་འབྲི་བ་ཁོ་ན་མ་ཡིན་པར་ད་དུང་རྩ་ཆེའི་རིག་དངོས་ཤུལ་བཞག་མང་པོ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་བའི་འགན་འཁྲི་ལྕི་པོ་ཡོད་ཅེས་གསུངས།

    2014ལོ་ནས་བཟུང་ཁོང་བོད་ལྗོངས་དཔེ་མཛོད་ཁང་གི་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་སུ་ཕྱག་ལས་གནང་བ་དང་། ཁོང་གིས་སྙེ་བྲིས་རྟེན་གཞི་ཁང་དུ་ཞིབ་འཇུག་སློབ་མ་དང་ཡིག་གཟུགས་ལ་དགའ་ཞེན་ཡོད་པའི་སྤྱི་ཚོགས་ཐོག་གི་སྐྱེ་བོ་རྒན་དར་གཞོན་གསུམ་ལ་ཡིག་གཟུགས་སློབ་ཁྲིད་གནང་དང་གནང་མུས་ཡིན་ལ། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་བོད་ལྗོངས་དཔེ་མཛོད་ཁང་གི་དབུ་ཁྲིད་རྣམ་པའི་མཐུན་རྐྱེན་བཟང་པོའི་འོག དབྱར་དགུན་གུང་གསེང་རིང་གི་དུས་ཚོད་སྤྱད་དེ་སྤྱི་ཚོགས་ཐོག་གི་སློབ་མ་2000ལྷག་ཙམ་ལ་སྙེ་བྲིས་གཙོ་བོར་བྱས་པའི་ཡིག་གཟུགས་སློབ་ཁྲིད་གནང་མྱོང་། གསར་འགོད་པས་ཁོང་ལ་ད་ལྟའི་བར་སྙེ་བྲིས་རྒྱུན་འཛིན་གྱི་ལས་ཀ་སྣ་གཅིག་ལ་འཇུག་དོན་གང་ཡིན་མིན་སྐད་ཆ་འདྲི་དུས། ཁོང་གིས། སྙེ་བྲིས་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་། མེས་པོས་ང་ཚོ་རྗེས་རབས་པ་ཚོར་ཤུལ་དུ་བཞག་པའི་རྩ་ཆེའི་རིག་གནས་ཤིག་ཡིན་པའི་ངོས་ནས། ང་ཚོར་མེས་པོས་བཞག་པའི་ཁྱད་འཕགས་ཀྱི་རིག་གནས་ཤུལ་བཞག་དེ་དག་ལ་སློབ་སྦྱོང་དང་། རྒྱུན་འཛིན། འཕེལ་རྒྱས་གཏོང་བའི་འགན་འཁྲི་ཡོད། འདས་སོང་གི་རིག་གནས་སྣ་མང་ཕུན་སུམ་ཚོགས་པོ་གང་འདྲ་ཡོད་ཀྱང་གལ་ཏེ་རྗེས་རབས་པས་དེ་དག་རྒྱུན་འཛིན་དང་འཕེལ་རྒྱས་མ་བཏང་ན། ནམ་ཞིག་རྩ་ཆེའི་རིག་གནས་ཤུལ་བཞག་དེ་དག་ང་ཚོའི་མི་རབས་ནས་མེད་པར་གྱུར་ཚེ་ཅི་འདྲའི་ཕངས་ཨང་། ངའི་བསམ་པར་རིག་གནས་ཤུལ་བཞག་གང་ཞིག་ཡིན་རུང་འཕེལ་རྒྱས་གཏོང་དགོས་ན། རྒྱུན་འཛིན་དང་བཀོལ་སྤྱོད་བྱ་རྒྱུ་ནི་སྲོག་རྩ་རེད། རྒྱུན་འཛིན་དང་བཀོལ་སྤྱོད་བྱེད་མཁན་ཡོད་ན། རིག་གནས་ཤུལ་བཞག་གང་དེ་ནམ་ཡང་རྩ་སྟོང་དུ་གྱུར་མི་སྲིད་ཅེས་བརྗོད།

    སྙེ་བྲིས་ཀྱི་ཡིག་དཔེ་དང་ཁྱད་ཆོས།

    2018ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ་ནས་ཁོང་ལ་རྒྱལ་ཁབ་རིམ་པའི་སྙེ་བྲིས་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་པའི་ཐོབ་ཐང་དཔང་ཡིག་བསྩལ་བ་དང་། ཁོང་གི་ཚབ་མཚོན་བརྩམས་ཆོས་ལ《གངས་ལྗོངས་མེས་པོའི་ཕྱག་རྒྱུན་བློ་གསར་དགྱེས་པའི་མཆོད་སྤྲིན》ཞེས་པ་དང་། སྙེ་བྲིས་གཙོ་བོར་བྱས་པའི་གཞུང་བྲིས་ཚུགས་རིང་དང་། ཚུགས་ཐུང་། ཚུགས་ཆུང་། (དེ་ལ་དབྱེ་ན་དབྱངས་རིང་བ་དང་ཐུང་བ་གཉིས་ཡོད)དང་། དཔེ་རྙིང་དང་གཞུང་ཡིག་བཅའ་ཡིག་ཁག་ལ་དཔྱད་བསྡུར་དང་ཞིབ་འཇུག་བྱས་པ་བརྒྱུད་སྤྱི་ཚོགས་ཐོག་འབྲི་མཁན་ཉུང་བ་དང་མཐོང་དཀོན་པའི་གཞུང་བྲིས་འཁྱུག་མ་ཚུགས་ཀྱི་ཡིག་དཔེ་དང་། གཞུང་ཡིག་འཁྱུག་གི་ཡིག་དཔེ་འབྲི་སྲོལ་ཁྱབ་སྤེལ་བཏང་ཡོད་ལ། གནའ་དཔེ་ཡོངས་བཤེར་གྱི་ལས་ཀའི་ཁྲོད་མཇལ་བ་དང་། བཤེས་གཉེན་དམ་པའི་འབྲི་རྒྱུན་རྒྱུན་འཛིན་བྱས་པའི་དཔེ་ཚུགས་ཁག་གསུམ། དེང་སྐབས་སྤྱོད་བཞིན་པའི་འབྲུག་ཚའི་ཡིག་དཔེ་ལས་བཤེས་གཉེན་དམ་པ་གཅོག་གྲྭ་རིན་པོ་ཆེ་དང་། ཤར་ཕྱོགས་སློབ་ཆུང་གི་དགེ་རྒན་མིག་དམར་བཀྲ་ཤིས་ཀྱི་འབྲི་རྒྱུན། བཤེས་གཉེན་དམ་པ་སྙེ་མོ་ཡོན་བདག་བཀྲ་ཤིས་རྡོ་རྗེའི་འབྲི་རྒྱུན་བཅས་ཀྱི་མྱོང་བ་ལས་གྲུབ་པའི་འབྲུག་ཚ། དེ་བཞིན་དཔེ་རྙིང་དུ་འཁོད་ཅིང་མཁས་དབང་ལ་ལས་ཕྱཱ་པ་ཆོས་ཀྱི་སེང་གེའི་སྐུ་དུས་སུ་དར་ཁྱབ་ཤིན་ཏུ་ཆེ་བར་གྲགས་པའི་ལྡན་ཡིག་གམ་ཡོངས་གྲགས་སུ་ས་སྐྱ་རྐང་རིང་དུ་འབོད་པའི་ཡིག་དཔེ་ཁྱབ་སྤེལ་བཏང་དང་གཏོང་བཞིན་ཡོད་ལ། གོང་གི་འབྲི་སྲོལ་དང་མི་འཚམ་པའི་ཡིག་མཁན་དང་རྗེས་རབས་པ་ཚོར་རྔོ་ཐོགས་ཆེད་དཔེ་རྙིང་གི་འབྲི་སྲོལ་ལྟར་འབྲུ་ཚ་ཁག་གཉིས་ཀྱི་ཡིག་དཔེ་བྲིས་གནང་ཡོད་ཅིང་། མི་འགྱངས་པར་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱ་རྩིས་ཡོད་པ་རེད། ལྷག་པར་དུ་2020ལོའི་ཟླ་4ཚེས་30ཉིན་གྱི་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཁོང་གིས་བྲིས་པའི་དབུ་ཆེན་གྱི་ཡིག་དཔེ་དངོས་སུ་གློག་ཀླད་ཀྱི་ཡིག་གཟུགས་མཉེན་ཆས་སུ་ནང་འཇུག་བྱས་པར་སྐྱེ་བོ་མང་པོའི་དགའ་བསུ་ཐོབ་ཡོད། གསར་འགོད་པས་ཁོང་ལ། དེང་སང་ཡིག་གཟུགས་ལ་དགའ་ཞེན་ཡོད་མཁན་ཇེ་མང་དང་། ཡིག་གཟུགས་འབྲི་མཁན་མང་པོ་འདུག ཁྱེད་ནས་ཡིག་མཁན་དེ་དག་ལ་ལྷག་པའི་གནས་ཚུལ་ལམ་སྐྱོན་ཆ་གང་ཡོད་མེད་གསུངས་རོགས་ཞུས་པས། ཁོང་གིས། དེང་སང་ཡིག་གཟུགས་འབྲི་བར་དགའ་ཞེན་ཆེ་བའི་གཞོན་སྐྱེས་ཇེ་མང་ནས་ཇེ་མང་རེད། འོན་ཀྱང་ཡིག་མཁན་མང་པོ་ཞིག་གིས་གནའ་དཔེ་དང་། ཡིག་རྙིང་གི་འབྲི་སྟངས་ལ་ཁུངས་མ་གཏུགས་པར་རང་གི་འདོད་བློ་བཞིན་རང་དགར་ཡིག་གཟུགས་འབྲི་བཞིན་འདུག དཔེར་ན་ཡི་གེའི་རྐང་པ་རིང་ཐུང་སོགས་རང་གི་འདོད་བློ་བཞིན་ཡང་ན་རྐང་པ་རིང་པོ་འབྲི་བ་དང་ཡང་ན་ཐུང་ཐུང་འབྲི་བཞིན་འདུག སྤྱིར་ན་གཞུང་ལ་མ་བལྟོས་པར་རང་དགར་བྲིས་པའི་ཡིག་གཟུགས་འགའ་རེ་བལྟས་ན་སྙིང་རྗེ་པོ་ཡོད་ཀྱང་། དེ་དག་ལ་ཁུངས་གཏུགས་ས་གང་ཡང་མེད་པས། ཡང་སྙིང་མགོ་བོ་གྲུ་བཞི་དང་སྒོར་སྒོར། ཡང་ན་ཆེན་པོ་འབྲི་དགོས་མིན་དང་རྐང་པ་དང་ཚེག་ཐུང་ཐད་ཀར་འབྲིའམ་ཅུང་གུག་ཀྱོག་འབྲི་དགོས་མིན། ཡི་གེའི་ཕྲ་སྦོམ་སོགས་གཅིག་གྱུར་མེད་སྟབས་དགེ་མཚན་མེད་པའི་སྐྱོན་ལ་འགྲོ་ངེས་པས། ཚད་ལྡན་གྱི་ཡིག་གཟུགས་ལ་སློབ་སྦྱོང་བྱས་ནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་རེད་ཅེས་གསུངས།

    གཞན་ཡང་སྙེ་བྲིས་ནི་སྔར་ཡོད་རྨང་གཞིའི་ཐོག་དུས་རབས་ཤིག་ནང་སྤྱི་ཚོགས་ཐོག་ཡིག་གཟུགས་འགྲན་བསྡུར་ཞིག་སྤེལ་བར་དེའི་ཁྲོད་ནས་དབུ་ཅན་སྙེ་བྲིས་དེ་གཟེངས་སུ་ཐོན་པའི་ཚད་ལྡན་ཡིག་གཟུགས་ལ་གཏན་འཁེལ་གནང་བ་དང་། རྒྱལ་བའི་གསུང་རབ་བཀའ་བསྟན་འབྲི་བཞེངས་དང་གཞུང་གི་བཅའ་ཡིག་སོགས་ལ་ཆེད་དུ་སྤྱོད་པའི་རྩ་ཆེའི་ཡིག་གཟུགས་ཤིག་ཀྱང་ཡིན་ཞིང་། ཡིག་གཟུགས་དེ་2014ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་ཚུད་ཡོད། གསར་འགོད་པས་ཁོང་ལ་སྙེ་བྲིས་ལ་ཁྱད་ཆོས་གང་ཡོད་མེད་སྐོར་འདྲི་སྐབས། ཁོང་གིས། སྙེ་བྲིས་ཀྱི་ཁྱད་ཆོས་གཙོ་བོ་ནི་ཡིག་ཁུངས་གཙང་བ་དང་། གཟུགས་ལེགས་ལ་ཟོར་ཡང་བས་ལྟ་བཞིན་ལྟ་བཞིན་མཛེས་སུ་འགྲོ་བ་མ་ཟད། ཁ་གསལ་ལ་ཀློག་བདེ་བ་དང་། ཤ་སྦོམ་པོ་དང་མིག་གིས་ཟིན་སླ་བ། ཕྲ་སྦོམ་སྙོམས་པ། ཡི་གེའི་མགོ་རྣམས་བཟོ་དབྱིབས་ཀ་གཞུ་ཁ་དང་འདྲ་བ་མ་ཟད། གྲུ་བཞི་ལྟ་བུའི་ངོས་སྙོམས་ལ་གྲལ་འགྲིག་པོ་ཡོད་ཅེས་གསུངས་པ་དང་། ཁོང་གིས་བཀའ་མོལ་དེས་གསར་འགོད་པའི་ཀླད་པའི་མཁའ་དབྱིངས་སུ་དེ་མ་ཉིད་དུ་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་ཡིག་མཁན་ལ་གདམས་པའི། ཡི་གེ་དག་སྙོམས་མཛེས་གསུམ་ལས།། མ་དག་སྐྱེས་བུ་སྙིང་མེད་འདྲ།། མི་སྙོམས་རྐང་ལག་འཁྱོར་བ་འདྲ།། མི་མཛེས་གོས་ངན་གྱོན་པ་འདྲ།། དག་སྙོམས་མཛེས་པའི་ཆ་གང་ཡང་།། མི་ལྡན་ལམ་ཁར་བོར་བ་ཡི།། གོས་ཧྲུལ་ངན་པ་སྐྱུག་བྲོ་འདྲ་ཞེས་པའི་ལེགས་བཤད་དེ་ཡང་ངང་གིས་དྲན།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398437081