གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། འབྲས་ སྤུངས་ དགོན་ པའི་ སྐོར་ ལམ།

 
2016-01-07        གསར་འགྱུར་འབྱུང་ཁུངས། བོད་ལྗོངས་རིག་གནས་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    རྩོམ་པ་པོ། གྲ་གཉེན་ཚེ་རྒྱལ།    

    འབྲས་སྤུངས་དགོན་པ་ནི།

    སེ་འབྲས་དགེ་གསུམ་གྱི་ཡ་གྱལ།

    འཆད་རྩོད་རྩོམ་གསུམ་གྱི་བསྟི་གནས།

    མཇལ་མི་ཚར་བའི་ཁང་ཚན་དང་བླ་བྲང་།

 

    འབྲས་སྤུངས་དགོན་པའི་སྐོར་ལམ།

    མི་ཚེའི་བགྲོད་ལམ་ལྟར་རིང་ལ།

    གབ་རེས་ཡིབ་རེས་རྩེ་ས་དང་འདྲ་པོ་འདུག

 

    འབྲས་སྤུངས་དགོན་གྱི་སློང་མོ་བ།

    གཅིག་བྱས་ན་བསྐོར་ལམ་རིང་སོང་ཡང་སྲིད་ལ།

    ཡང་མིན་ན་སློང་མོ་བ་མང་སོང་བས་ཡིན་ཡང་སྲིད།

    གང་ལྟར། ངའི་སེམས་པ་ཚོར་འདུ་སྣ་ཚོགས་ཀྱིས་སྒུལ་གྱིན་འདུག

 

    ངོ་ནག་ནག་ཏུ་གྱུར་བའི་བུ་མོ་ཆུང་ཆུང་།

    དཔྲལ་བར་ཆུ་འབུར་བརྡོལ་བའི་བུ་ཆུང་སྣབས་ལུད་ཅན།

    དྭ་ཕྲུག་གི་འདམ་དུ་ཚུད་པའི་སྨན་ཁེར་ཧྲེང་།

    ལོ་ཟླའི་ཁུར་གྱིས་དུད་པའི་བགྲེས་པོ་ལོ་ལོན།

 

    ཨ་ཙི་ཙི། གཡས་ལོག་གཡོན་ལོག་གིས་མཐེ་བོང་མ་གཏོགས་བསྒྲེངས་མི་ཤེས་པའི་མི་འདི་དག

    ཡུལ་སྐོར་བའི་རྗེས་སུ་དབྱིན་སྐད་ཐ་ཐོར་རེ་ཤོད་ཤེས་པའི་བྱིས་པ་འདི་དག

    ཡང་སྙིང་འབྲས་སྤུངས་དགོན་པའི་ཅི་ཞིག་ཡིན་ནམ།

    ལྷ་སའི་གྲོང་གི་ཅི་ཞིག་ཡིན་ནམ།

 

    ཤམ་བྷ་ལའི་ཕོ་ཉ་ཞེས་པ་དེ་ཁྱེད་ཅག་ཡིན་ནམ།

    ལོ་རྒྱུས་ཀྱི་དེད་དཔོན་ཞེས་པ་དེ་ཡང་ཁྱེད་ཅག་ཡིན་ནམ།

    ཆ་འཕྲིན་དུས་རབས་ཀྱི་ཕོ་ཉ་དེ་ཁྱེད་ཅག་ཡིན་ནམ།

    ཡང་སྙིང་སུ་ཞིག་ཡིན། ཤོད་ཡཱ.......

 

    ཁྱེད་ཀྱིས་ལག་པ་སྙིང་ཁར་བཞག་ནས་འདང་ཞིག་བརྒྱབ་ཨེ་མྱོང་།

    ཤ་དར་ཁྲག་དར་གྱི་ལག་པ་རིང་པོ་ཕར་ལ་བསྲིངས་ཐེངས་རེར།

    རྩིས་ཐང་དང་ལ་རྒྱ་གཏིང་ནས་བོར་འགྲོ་བར་འདང་ཞིག་བརྒྱབ་ཨེ་མྱོང་།

    གཞོན་ཤ་ཆགས་པའི་མཐེ་བོང་སྦོམ་པོ་མཁའ་རུ་བསྒྲེངས་ཐེངས་རེར།

    ངོ་སོ་དང་ཕུགས་འདུན་ཡོད་ཚད་བསྐྱུར་བཞིན་པ་ཨེ་ཤེས་ལགས།

 

    ཤད་མ་མྱོང་བའི་སྐྲ་ལོའི་རལ་བ་དང་བཀྲུས་མ་མྱོང་བའི་གདོང་གི་རྣམ་འགྱུར།

    ཕྱི་གླིང་བའི་པར་ཆས་ཀྱི་ངོས་སུ་འདར་གྱིན་འདུག

    འདི་ནི་ཁོ་ཚོས་འཚོལ་བཞིན་པའི་བོད་ཀྱི་ཐུན་མིན་རིག་གནས་དེ་མ་རེད།

    སློང་ནས་རྒྱག་ཐབས་མེད་པའི་བསམ་སྤྱོད་དེ་དང་།

    བག་ཚ་བྲལ་བའི་སྐྱིད་ཉལ་རྒྱག་སྟངས་དེ།

    ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་རིགས་འདི་ཡི་གཤིས་རྒྱུད་མ་རེད།

    སུ་ཞིག་གིས་གནང་བའི་བདག་རྐྱེན་བཞིན།

    བྱིས་པ་པྲ་ཆལ་གཡས་འཁུར་གཡོན་འཁུར་བྱེད་སྟངས་དེ།

    མཛངས་མའི་ཡོན་ཏན་བརྒྱད་ལ་ཅི་ལྟར་བརྩི་འམ།

 

    དལ་འབྱོར་ཚང་བའི་ཤ་དར་ཁྲག་ཚོ།

    ཁྱེད་ཚོ་འདི་ནས་སྒྱིད་ལུག་ངང་འཚོ་དགོས་དོན་ཅི་ཞིག་རེད།

    སུ་ཞིག་གིས་ཁྱེད་ཚོ་འདི་རུ་བསྡུས་པ་ཡིན།

    རེད་ཨང་། འདི་དག་ཚང་མ་ང་ཚོའི་བསམ་བློ་ལ་ཐུག་འདུག

    ང་ཚོའི་འདུ་ཤེས་ལ་ཐུག་འདུག

 

    “སངས་རྒྱས་རང་མགོ་མ་ཐོན་ཀྱང་གཤིན་པོའི་ཡར་འདྲེན་བྱེད་འདོད་པའི”བསམ་བློ་ལ་ཐུག་འདུག

    སྙིང་རྗེ་རྫུས་མ་ལ་ཐུག་འདུག

 

    ང་ཚོ་འདི་ལྟར་འདུག་ཁོམ་ག་ལ་ཡོད།

    ང་ཚོ་བྱ་ཞིག་ཡིན་ན་གཤོག་རྩལ་ངོམས་པའི་དུས་ལ་སླེབས་ཡོད།

    ང་ཚོ་རྟ་ཞིག་ཡིན་ན་གོམ་ལག་ངོམས་པའི་དུས་ལ་སླེབས་འདུག

    ནམ་མཁའ་ཡངས་པོ་རེད།

    བྱང་ཐང་སྟོང་པ་རེད།

 

    གནམ་སའི་ཕ་མཐར་འཕུར་ཤོག

    བྱང་ཐང་བང་གིས་གཅོད་རོགས།

    སྙིང་ཉེ་བའི་མི། ང་ཡི་སྤུན་ཟླ།

མཛའ་འབྲེལ་དྲ་བ།
010020070840000000000000011100001349864861