བོད་ལྗོངས།
༄༅།། མཚན་ ཕྱེད་ ཀྱི་ ཁྱི་ སྐད།

    རྩོམ་པ་པོ། སྒྲེན་པོ།

    སྒྱུ་མ་མཁན་ནང་བཞིན་གྱི་ཁྱི་སྐད་དེས།

    ང་རང་འབྲོག་སྡེ་ཆེན་པོ་ཞིག་གི་མཐར་བསྐྱལ་སོང་།

    ཚོར་བའི་འདབ་གཤོག འཕུར་ཞིང་ལྡིང་།

    སྣང་བའི་ཆུ་རིས། འཕྱོ་ཞིང་སྐྱོམས།

    རྣམ་ཤེས་ཀྱི་ལྡེབས་ངོ་ན་བརྙན་རིས་དུ་མ་འཆར་གྱིན་འདུག

    མཚན་སྨག་གིས་སྲོད་དུས་ཀྱི་ལྷིང་འཇགས་སྲུང་།

    ཅེ་སྤྱང་དང་ཝ་མོ། རྐྱང་རྒོད་དང་གནག་ཕྱུགས།

    སྐར་ཕྲན་དང་ཟླ་འོད། རྩྭ་ལྗང་དང་རི་ཀླུང་།

    རྒྱུས་ཡོད་ཀྱི་གོམ་སྒྲར་སྒུག་མཁན་གྱི་གཞོན་ནུ་མའི་བྲེལ་ཤ།

    རྟ་ཕོའི་གོང་ན་སྣང་གླུ་རིང་འཐེན་བྱེད་ཀྱིན་པའི་ཕོ་གསར།

    དཔྱིད་རླུང་གིས་གང་སར་སྟོར་གྱིན་པའི་སོས་ཀའི་དྲི་མ།

    གཙང་པོས་གཙང་པོ་འབོད་པའི་ཤག་སྒྲ།

    དུས་འདིར།

    ང་ཡི་སྣང་བའི་ཁམས་ཆེན་པོ།

    མེ་ལོང་ངོས་གཉིས་མ་ཞིག་གིས་བཅད་འདུག།

    ཕྱེད་ཀ་རྨི་ལམ་ཁ་བས་གཡོགས་པའི་སོས་ཀ་ཤིག་རེད།

    ཕྱེད་ཀ་སྣང་བ་རང་སར་ཤར་བའི་མེ་ལོང་ཞིག་རེད།

    མེ་ལོང་ནང་གི་བརྙན་ཟློས།

    མེ་ལོང་གི་མདུན་དུ།

    ངའི་རྣམ་ཤེས་བཙའ་རོས་ཟིན་འདུག

    སྤྲོས་བྲལ་དང་བདག་འཛིན་གྱི་ཞེ་ཐག་དམ་པོ།

    གནམ་གྱི་ཡས་མཐའ་ནས་བསྐལ་བའི་མས་མཐའི་བར་དུ་འཐེན།

    སྐྱི་པགས་དཔྲལ་སོང་། རུས་པ་བཅགས་སོང་།

    སྐྲ་ལོ་བྱི་སོང་། མིག་ཟུང་ལྡོངས་སོང་།

    མེ་ལོང་གི་ནང་དུ།

    ང་ཡི་ལུས་བོངས་ནམ་མཁའི་ཁྱོན་ལ་སྐྱེད་འདུག

    དེ་ནི་མེ་ལོང་གིས་མེ་ལོང་གི་རང་གཟུགས་ཕྱིར་མངོན་ཚུལ་དང་འདྲ་བོ་འདུག

    ང་རང་མེ་ལོང་ནང་གི།

    ང་ཡི་མི་སྡུག་པའི་རྣམ་པར་སྐྱུག་མེར་ལངས་བྱུང་།

    མེ་ལོང་གིས་ང་ཡི་གྲིབ་གཟུགས་གྱོན་ཡོད་པའི་བཟོ་ལྟ་དེར།

    རྫ་བུམ་ཆག་པོ།

    མེ་ཏོག་བྱམས་པ་དེ་རྫ་བུམ་གྱི་ཕྱི་ན་བྲུལ།

    རླུང་བུ་ལྡོམ་པོས་གཡབ་གཡུག་བྱས།

    རྫ་བུམ་ལ་སྔར་ནས་གས་སྲུབས་བཏོད་ཡོད་པས་ལན་ནམ་ཅི།

    རླུང་བུས་རྡེག་སྟངས་ལ་བྱིལ་བྱིལ་ལས།

    གདུག་རྩུབ་ཀྱི་ཤས་ཙམ་ཡང་མེད་མོད།

    སུས་ཀྱང་རྫ་བུམ་ཧྲུག་ཧྲུག་ཆག་པའི་སྒྲ་དེ་ཚོར་མ་སོང་།

    ཡིན་ནའང་།

    མཐོང་ཐབས་བྲལ་བའི་གས་ཁ་དེས།

    ནམ་རྒྱུན་ཆུ་ཤེལ་གྱི་སྙིང་ལ་གཙག་པར་བྱེད།

    ཕྱི་ནས་བལྟས་ན་གས་སྲུབས་མི་མཐོང་ཡང་།

    དུས་ཚོད་ཀྱི་རིང་དུ་འགྱངས་པ་དང་བསྟུན་ནས།

    སྲུབས་ཀ་དེས་རྫ་བུམ་གྱི་ཕྱི་ནང་ལ་བསླད་སྐྱོན་བཏང་འདུག

    རྫ་རིའི་ཆུ་རྒྱུན་ལྷོད་བག་གིས་ཤག་ཤག་བཞུར་འོང་།

    ཆུ་ཐིགས་རེ་རེས་རྫ་སྣོད་དུ་འགྲེང་བའི་མེ་ཏོག་གི་ཟེའུ་འབྲུ་གཏོར།

    སྣང་ཚུལ་དེ་སུས་ཀྱང་མཐོང་ཐབས་བྲལ་སོང་།

    བུ་མོ་ལགས། རྫ་བུམ་དེར་ལག་པས་མ་ཐུག་རོགས།

    རྫ་བུམ་ལ་སྔར་ནས་གས་ཁ་ཤོར་ཟིན་པས།

    སེམས་པར་སེམས་སོང་གི་བུ་མོས་རེག་པ་ན།

    སེམས་གཅོང་གི་གཟེར་བུས་རྨ་ཁ་བཏོད་ངེས།

    རྨ་ཁ་ཆེ་རུ་རྒྱས་པ་དང་འགྲོགས་ནས།

    བརྩེ་དུང་གི་མེ་ཏོག་ལ་རྙིད་ཤི་ཐེབས་ཏེ།

    རྫུ་བུམ་གྱི་ཕྱི་རུ་བྲུལ།

    བལྟས་མ་ཐག་གས་ཁ་ཆེ་རྒྱུ་མེད་ནའང་།

    གས་སྲུབས་ལས་བརླན་གཤེར་གྱི་ཐིགས་པ་འགའ་འཛར་གྱིན་འདུག

    དེ་ནི་སྣོད་དུ་མ་ཤོང་བའི་རྫ་ཆུ་འམ་ཡང་ན།

    སེམས་ཀྱི་ཡུར་བར་མ་ཆུད་པའི་མིག་ཆུའི་བཞུར་རྒྱུན་གང་ཡིན་མ་ཤེས།

    སྙིང་ཉེ་བའི་མི་ལགས། སེམས་པར་གས་ཁ་ཤོར་ཟིན་པས།

    ཁྱེད་ཀྱིས་རྫ་སྣོད་དེར་ལག་པས་མ་ཐུག་རོགས།

(责任编辑: ཟླ་བ་ཚེ་རིང་།)
010020070840000000000000011100001350089171