བོད་ལྗོངས།
༄༅།། སེམས་ཁོངས་ནས་བཞུར་བའི་རེ་སྨོན།

    རྩོམ་པ་པོ། ལུང་འབྲོག་རིན་ཆེན་རྒྱལ་གྱིས།

    བཅུ་དྲུག་ལང་ཚོ་རྒུད་པའི་གངས་འདབས་ཀྱི་རྒན་པོ།།

    ཡིག་དྲུག་ཕྲེང་བར་འབུངས་བའི་རྣམ་དཀར་དེ་དོར་ལ།།

    དེང་གསར་འཕྲུལ་གྱི་འཚོ་བར་རྣམ་གཡེང་གིས་རོལ་ན།།

    ཆོས་ཅན་མཐོ་སྒང་ཞིང་གི་མིང་བྱང་དག་སུས་འཛིན།།

 

    ལུས་གོག་སེམས་མ་རྒས་པའི་བོད་རིགས་ཀྱི་རྒན་མོ།།

    ལྔ་ལམ་ཕྱི་མའི་རྒྱགས་ཕྱེར་སྟ་གོན་ཙམ་མེད་པར།།

    དབྱེན་སྦྱོར་ཚིག་གི་ཀློང་དུ་བག་གཡེང་གིས་རྒྱུ་ན།།

    བར་དོའི་སྲང་ལམ་བགྲོད་པའི་འཁར་བ་དེ་སུས་བྱེད།།

 

    ངོ་བསྟོད་གཏམ་ལ་ཞེན་པའི་དཔོན་ཆེན་གྱི་ལྷན་ཚོགས།།

    རྣམ་དཀར་དམངས་ཕན་བསྐྲུན་པའི་ལྷག་བསམ་དེ་དོར་ནས།།

    གཏང་རག་རྒྱུ་ནོར་ཆེད་དུ་འབད་འབུངས་ཀྱིས་འཇུག་ན།།

    ང་ཅག་གདོང་དམར་རིགས་ཀྱི་མགོ་འདྲེན་དེ་སུས་བྱེད།།

 

    བསྟན་པའི་ཆོས་གོས་བཀླུབས་པའི་གྲྭ་བཙུན་གྱི་དཔུང་སྡེ།།

    ནང་ཆོས་འཛིན་སྐྱོང་སྤེལ་བའི་ལྷག་བསམ་དེ་དོར་ནས།།

    འཁྲུལ་སྣང་འཁོར་བའི་ཞིང་སར་བར་མེད་དུ་རྒྱུ་ན།།

    ཤཱཀྱའི་དགེ་སྦྱོང་ཞེས་པའི་མིང་བྱང་དེ་སུར་འབོད།།

 

    ལྔ་རིག་གླིང་གར་རྩེན་པའི་བློ་གསར་གྱི་གཞོན་ནུ།།

    གངས་ལྗོངས་གསར་བསྐྲུན་བྱེད་པའི་སྙིང་སྟོབས་དེ་བོར་ནས།།

    མདོ་མེད་གོམ་ཁ་ཨར་ཁང་དྲ་ཁང་ལ་ཕྱོགས་ན།།

    གངས་ལྗོངས་མ་འོངས་སྐྱོང་བའི་བདག་པོ་དེ་སུས་བྱེད།།

 

    ལང་ཚོའི་དཔའ་སྟོབས་འབར་བའི་གངས་ཕྲུག་གི་ཕུ་ན།།

    མ་འོངས་མདུན་ལམ་གཏོད་པའི་དམིགས་པ་དེ་དོར་ནས།།

    ཆང་རག་དུག་གི་མཚོ་མོར་བག་མེད་ཀྱིས་སྤྱད་ན།།

    མ་འོངས་གངས་ལྗོངས་བསྐྲུན་པའི་བྱེད་པོ་དེ་སུར་རེ།།

 

    མཆོར་སྒེག་ལང་ཚོ་དར་བའི་ན་ཆུང་གི་སྒེག་མོ།།

    གངས་ལྗོངས་མཛངས་མར་མཁོ་བའི་ཡོན་ཏན་དེ་དོར་ནས།།

    ཕྱོགས་མེད་འདུ་འཛིའི་སྲང་ལམ་བར་མེད་དུ་མྱུལ་ན།།

    གངས་ཅན་མི་རབས་རྗེས་མའི་ཨ་མ་དེ་སུས་བྱེད།།

 

    བློ་རིག་རྣམ་དཔྱོད་བཀྲ་བའི་གངས་གྲོང་གི་བྱིས་པ།།

    ཤེས་བྱའི་མེ་ཏོག་བཞད་པའི་ལྡུམ་ར་དེ་བྲལ་ནས།།

    ཉིན་ལྟར་ཕྱུགས་རྗེས་བསྙེགས་པའི་སྲོལ་ངན་ཙམ་འཛིན་ན།།

    མ་འོངས་གངས་ལྗོངས་བསྐྲུན་པའི་འགན་འཁྲི་དེ་སུས་འཁྱེར།།

 

    བློ་གྲོས་མཚོ་མོར་འཁྱིལ་བའི་ཤེས་ལྡན་གྱི་བོད་པ།།

    བགྲང་ཡས་འགྲོ་བར་སྨན་པའི་དོན་ཆེན་དེ་དོར་ནས།།

    ཡུན་ཐུང་བདེ་བའི་ཆེད་དུ་རང་དོན་ལ་འབུངས་ན།།

    གངས་ཅན་མི་རབས་རྗེས་མར་མིག་དཔེ་དེ་སུས་སྟོན།།

 

    རྣམ་གཡེང་ལེ་ལོས་བཟིར་བའི་གདོང་དམར་གྱི་རྒྱུད་པ།།

    སྲོལ་རྒྱུན་ཆ་ལུགས་རང་སྐད་གཙང་མ་དག་སྤངས་ནས།།

    ཆ་ལུགས་ཡ་ཟུང་སྐད་ཆ་ར་མ་ལུག་སྤྱད་ན།།

    མཐོ་སྒང་བོད་སྡེའི་སྔོན་ཐོན་དར་ཆེན་དེ་སུས་བསྒྲེངས།།

 

    མཐོ་སྒང་ཡང་རྩེའི་གངས་དཀར་ཕོ་བྲང་ནང་ལོངས་པའི།།

    མཚོ་བོད་ས་མཐོའི་རྒྱུད་འཛིན་གདོང་དམར་གྱི་ཕུ་ནུ།།

    རྣམ་གཡེང་ལེ་ལོའི་མལ་ན་ཕག་བཞིན་དུ་ཉལ་ན།།

    གངས་དཀར་རི་བོར་ཉི་མའི་འོད་སྣང་དེ་སུས་འདྲེན།།

 

    བརྩོན་འགྲུས་ཟེགས་མ་འཐོར་བའི་གངས་ལྗོངས་ཀྱི་བློ་གསར།།

    རང་སྐད་ནོར་བུར་བཅངས་པའི་དུང་བ་དེ་དོར་ནས།།

    ཕྱི་གླིང་སྐད་དང་རིག་གནས་ཁོ་ན་ལ་གཡེང་ན།།

    སློབ་དཔོན་ཐོན་མི་བཟང་པོའི་ཕྱག་རྒྱུན་དེ་སུས་འཛིན།།

 

    རྣམ་དཔྱོད་བློ་རིག་བཀྲ་བའི་མཐོ་སྒང་གི་ཕུ་ནུ།།

    གངས་ཅན་མེས་པོ་དམ་པའི་སྲོལ་བཟང་དེ་སྐྱོངས་ལ།།

    དེང་གསར་ཚན་རྩལ་རིག་པའི་སྒོ་མོ་དེ་ཕྱེ་ནས།།

    འབྱོར་ལྡན་གངས་ལྗོངས་བསྐྲུན་ལ་འབད་འབུངས་ཤིག་གྱིས་དང་།།

 

    བློ་གྲོས་ཡོན་ཏན་ཟབ་པའི་རིགས་མཐུན་གྱི་སྤུན་ཟླ།།

    བྱམས་དང་སྙིང་རྗེ་ཟབ་མོའི་ལུས་སེམས་དེ་མ་དོར།།

    མཐུན་སྒྲིལ་གོམ་ཁ་བརྟན་པོས་ལམ་བཟང་དེ་གཏོད་ནས།།

    ཞི་མཐུན་གངས་ལྗོངས་བསྐྲུན་པར་དཔུང་གདང་ཞིག་སྒྲིག་ཤོག །

 

    སྔ་ཕྱིའི་དོན་འབྲས་རྟོགས་པའི་རྐང་གཉིས་ཀྱི་འགྲོ་བ།།

    ཕྲག་དོག་ཞེ་སྡང་དུག་གི་མདའ་མོ་དེ་དོར་ལ།།

    ཀུན་ཕན་ལྷག་བསམ་གངས་རིའི་རང་མདངས་དེ་འཁྱེར་ནས།།

    བདེ་ལྡན་གངས་ལྗོངས་བསྐྲུན་ལ་ན་མཉམ་ཚོ་ཕེབས་ཤོག །

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001350089481