བོད་ལྗོངས།
༄༅།།ཤེས་རིག་ནི་བདེ་སྐྱིད་ཡིན།

    རྩོམ་པ་པོ། ​ སྤོས་ཁང་སྒྲོལ་བཟང་།    

    ན་ཚོད་གཞོན་དུས་ཤེས་རིག་སློབ།།

    ཤེས་རིག་ནམ་ལང་ཉི་ཤར་འདྲ།།

    ན་ཚོད་རྒས་ཀྱང་ཤེས་རིག་སློབ།།

    ཤེས་རིག་ཁ་ཤུལ་ཉི་འོད་འདྲ།།

    

    རིག་པའི་ཆེད་དུ་བསླབ་དགོས་མིན།།

    རང་གི་ཆེད་དུ་ཤེས་རིག་སློབ།།

    ཤེས་རིག་ལྡན་ན་ནམ་ཡང་བདེ།།

    ཤེས་རིག་མ་ཤེས་ནམ་ཡང་སྡུག།

    

    ཤེས་རིག་མ་བསླབ་མི་ཡང་ཕྱུགས།།

    ཤེས་རིག་བསླབ་པས་མི་ཡང་མི།།

    ཤེས་རིག་རྒྱན་ནི་རྒྱན་གྱི་མཆོག།

    ཤེས་རིག་མི་ཚེ་མི་ཚེའི་མཆོག།

    

    ཤེས་རིག་གནས་ལ་བརྩོན་པ་ཚོ།།

    རིག་གནས་ལྡན་ཞེས་ཀུན་གྱིས་བསྔགས།།

    ཤེས་རིག་གནས་ལ་མཐའ་ཡས་ཀྱང་།།

    ཤེས་རིག་རྩ་བ་སྐད་ཡིག་ཡིན།།

    

    ཤེས་རིག་རྒྱ་མཚོ་རྒལ་འདོད་ན།།

    སྐད་ཡིག་སྐྱ་བ་ངེས་པར་མཁོ།།

    ཤེས་རིག་ནམ་འཕང་གཅོད་འདོད་ན།།

    སྐད་ཡིག་གཤོག་ཟུང་ལེགས་པར་སློབ།།

    

    ཤེས་རིག་མི་ཚེ་སྐྱེལ་འདོད་ན།།

    ཤེས་རིག་རྨང་གཞི་སྐད་ཡིག་ཡིན།།

    རིག་པའི་མ་ཕྱི་སྐད་ཡིག་འདི།།

    རིག་པའི་རྩ་བ་ཡིན་པར་ཤེས།།

    

    ཤེས་བྱས་མི་ལ་བདེ་སྐྱིད་བསྐྲུན།།

    ཤེས་བྱས་མི་ལ་རོགས་རམ་བྱེད།།

    ཤེས་བྱས་མི་ལ་ལམ་བཟང་སྟོན།།

    ཤེས་བྱས་མི་ཡི་སྡུག་བསྔལ་སེལ།།

    

    ཤེས་རིག་ནངས་པར་འཆི་ཡང་སློབ།།

    དེ་ལ་དུས་ཚོད་སྔ་ཕྱི་མེད།།

    ཤེས་རིག་མ་བསླབ་ལོ་བགྲེས་ཀྱང་།།

    ཤེས་མེད་པ་ཞེས་ཀུན་གྱིས་འཕྱ།།

    

    ཤེས་རིག་མུན་སེལ་ཉི་མ་ཡིན།།

    ཤེས་རིག་ཚ་འཇོམས་དུང་ཟླ་ཡིན།།

    ཤེས་རིག་གངས་ཆུ་དྭངས་མ་ཡིན།།

    ཤེས་རིག་ཡོད་ན་གསོན་པོ་ཡིན།།

    

    ཤེས་རིག་རྨོངས་སེལ་སྒྲོན་མེ་ཡིན།།

    ཤེས་རིག་རྐུན་མེད་ནོར་གྱི་མཆོག།

    ཤེས་རིག་ཡིད་བཞིན་ནོར་ཡིན་པས།།

    རིག་པའི་གནས་ལ་བརྩོན་པར་ཞུ།།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001349824871