བོད་ལྗོངས།
༄༅།།བོད་ལུགས་སྨན་པའི་ཆེ་བ་བརྗོད་པ་མོས་གུས་འདབ་སྟོང་བཞད་པའི་ཕྲེང་བ།།

    རྩོམ་པ་པོ། བསོད་ཆོས།

    སེམས་ཉིད་ཀུན་གསལ་དག་པའི་ངོས་ཡངས་སུ།།

    འཛད་མེད་མཁྱེན་བརྩེའི་སྤྲིན་ཚོམ་ལེགས་འཁྲིགས་ཤིང་།།

    མི་ཟད་སྲིད་པའི་ཟུག་རྔུ་རབ་འཇོམ་པའི།།

    འཆི་མེད་གྲུ་ཆར་སྤྲོ་མཛད་སྨན་པར་འདུད།།

    མ་རིག་གཟུང་འཛིན་དྲྭ་བའི་འཆིང་ཐག་ལས།།

    བཞི་བརྒྱ་རྩ་བཞིའི་ནད་ཀྱིས་གཟིར་བ་ན།།

    མཁྱེན་རླབས་འོད་སྣང་འབར་བའི་གཟི་འོད་ཀྱིས།།

    སྤྲིན་བྲལ་ཉི་མའི་དཔལ་བཞིན་བསྐྱངས་བར་བསྔགས།།

    དྲི་མེད་སྣོད་བཅུད་སྙིགས་མའི་རྫས་ངན་གྱིས།།

    ཅིག་ཅར་བསླད་དེ་རིམས་ནད་བྱེ་བ་བརྒྱས།།

    སྣང་སྲིད་དགའ་བདེའི་དཔལ་ཀུན་འཇོམ་པའི་ཚེ།།

    ཚེ་ཡི་རིག་པ་འཛིན་ཁྱོད་ལྷག་པར་མཁོ།།

    དུག་གསུམ་དབང་གིས་བསྐྱེད་པའི་ཉེས་པ་གསུམ།།

    འབྱུང་ཁམས་འཕེལ་ཟད་འཁྲུགས་པ་ནད་ཀྱི་རིགས།།

    བཞི་བརྒྱ་རྩ་བཞིའི་གཉེན་པོ་མ་འཁྲུལ་བར།།

    ཚང་བར་བསྟན་པའི་རིགས་ལམ་རྨད་དུ་བྱུང་།།

    བརྒྱུད་པའི་ཆབ་རྒྱུན་གཙང་མའི་སྣོད་དུ་བཟུང་།།

    ཟབ་མོའི་མན་ངག་རྒྱུན་འཛིན་བུ་ལ་སྦྱིན།།

    དམ་ཚིག་དོམ་པ་གཙང་མས་ཉམ་ཐག་འགྲོ།།

    སྐྱོང་བའི་གངས་ལྗོངས་སྨན་པ་ཁྱད་དུ་འཕགས།།

    ཡང་དག་མེས་པོའི་ཕྱག་སྲོལ་རྩ་བར་བྱས།།

    ཕྱོགས་རིགས་སྨན་པའི་ལེགས་ཆ་དུ་མས་བརྒྱན།།

    ནད་ཐོག་ཉམས་མྱོང་བཟང་པོས་ཟུར་བརྒྱན་པའི།།

    བསིལ་ལྗོངས་གསོ་རིག་རྒྱུ་སྐར་རྒྱལ་པོའི་ཟླ།།

    གསེར་དངུལ་འདུ་སྒོའི་མཚན་འཛིན་དམིགས་གཏད་ཅིག

    ཉེ་རིང་ཆགས་སྡང་སྒྱུ་མའི་ཀུན་རྟོག་ཡལ།།

    མི་ན་གནས་དང་ན་བ་ཀུན་གསོ་བའི།།

    བྱང་ཆུབ་སེམས་བསྐྱེད་དཔག་བསམ་རྩ་བ་བརྟན།།

    དྭངས་མ་དྲུག་ལྡན་རྡོ་རྗེའི་ལུས་ཀྱི་ཤིང་།།

    རྐྱེན་ངན་འབྱུང་བཞིའི་འཚེ་བས་མནར་བ་ན།།

    དྲི་མེད་རྫས་སྦྱོར་བཟང་བའི་སྨན་མཆོག་ཉིད།།

    འཆི་གསོས་ལྷ་ཡི་བདུད་རྩིའི་ཚུལ་གྱིས་བསྩལ།།

    གསོ་བྱ་ལུས་ཀྱི་གནས་ལུགས་ཇི་བཞིན་མཁྱེན།།

    གསོ་བྱེད་ཐབས་ཀྱི་མན་ངག་ཡོངས་སུ་ཚང་།།

    གསོ་ཚུལ་གདམ་ངག་ཉིང་ཁུ་ཀུན་བསྡུས་ནས།།

    གདོན་གེགས་ནད་ངན་ཆམ་ལ་འབེབས་འདིར་གཟིགས།།

    འབྱུང་ཁམས་འཁྲུགས་པའི་ནད་ཀྱི་ཟུག་རྔུ་ལ།།

    ཚ་གྲང་སྨན་གྱི་གཉེན་པོ་བསྟེན་པ་དང་།།

    ཟས་དང་སྤྱོད་ལམ་བཟང་པོའི་མཐུན་སྦྱོར་གྱིས།།

    ལུས་ཁམས་འཕྲོད་སྦྱོར་ཚེ་ཡི་དངོས་སྒྲུབ་གནང་།།

    དེང་རབས་ཚན་རྩལ་རིག་པའི་ཐབས་འཁྲུལ་གྱིས།།

    ཀུན་ནས་བཅོས་དཀའི་གཅོང་ཆེན་རིམས་ནད་ཀྱང་།།

    འཇམ་རྩུབ་དཔྱད་དང་ཞི་སྦྱོང་སྨན་བཟང་གིས།།

    ལེགས་པར་གསོ་བའི་སྐལ་བཟང་ཨེ་མ་ཧོ།།

    མ་བཏུལ་ལོག་པའི་དུག་གིས་སྲོག་འཕྲོག་ཅིང་།།

    བཏུལ་ན་འཆི་མེད་ཚེ་ཡིས་དཔལ་སྟེར་བ།།

    དངུལ་ཆུ་བཙོ་བཀྲུའི་རྣམ་དག་ཕྱག་ལེན་ཉིད།།

    ཡེ་ཤེས་གཟིགས་པ་དག་པས་མཁྱེན་པ་མཚར།།

    ལུས་ཀྱི་ཕྱི་ནང་བར་གསུམ་གྲུབ་ཆ་དང་།།

    དབྱེ་བའི་རྣམ་གྲངས་ངོ་བོ་ངེས་པའི་ཚིག།

    བྱེད་ལས་འབྲེལ་བ་འཕེལ་ཟད་ཁྱད་པར་ཀུན།།

    ཇི་བཞིན་རྟོགས་པའི་རྣམ་དཔྱོད་ཨེ་མ་ཧོ།།

    ནད་ངན་ཐུར་དུ་སྦྱོང་བ་བཤལ་གྱི་རྒྱུད།།

    ནད་རིམས་ཞི་བར་བྱེད་པ་དུགས་ལུམས་བྱུགས།།

    ནད་ཡམས་གསོ་བྱེད་གཉེན་པོ་བཞི་ལྡན་རྒྱུད།།

    ཨེ་མ་གངས་ལྗོངས་གསོ་རིག་བླ་ན་འཕགས།།

    བྱེད་པོས་མ་བཙུགས་སྨན་གྱི་ལྗོན་ཤིང་རྒྱས།།

    ཆེད་དུ་མ་བཏབ་སྨན་རྩའི་གཡུ་ལོ་བཀྲ།།

    རིན་ཆེན་ནོར་བུའི་སྨན་རྫས་མང་བ་སོགས།།

    བོད་ཡུལ་ནོར་བུའི་གླིང་ན་དགེ་མཚན་མང་།།

    གསོ་དཔྱད་གཞུང་ལུགས་ཀུན་གསལ་ཡངས་པའི་མཐའ།།

    རྣམ་དཔྱོད་གཤོག་རླབས་རྩལ་གྱིས་ལེགས་བརྒལ་ནས།།

    ལྐོག་གྱུར་ནད་ཀྱང་རྟགས་དང་མཚན་མ་ཡིས།།

    གསལ་བར་སྟོན་པའི་ངོ་མཚར་གཞལ་བར་དཀའ།།

    ཟབ་དོན་སྨན་དཔྱད་རིག་པའི་དགེ་ལེགས་དཔྱ།།

    ཐོས་བསམ་མཐར་ཕྱིན་གངས་ལྗོངས་ཚེ་རིག་འཛིན།།

    གང་གི་མཁས་བཙུན་བཟང་གསུམ་མཛད་བཟང་གི།

    ཉིན་བྱེད་སྣང་བས་དགའ་སྐྱིད་འདབ་བརྒྱ་བཞད།།

    ཀུན་སྤྱོད་རྣམ་དག་པད་མའི་སྦུབས་བཞིན་གཙང་།།

    ཆེད་ལས་ཕྱག་རྩལ་ཧི་མ་ལ་ལས་མཐོ།།

    གཞན་ཕན་ལྷག་བསམ་ཆ་རྫོགས་ཉ་གང་ཟླ།།

    བོད་ལུགས་ལྷ་རྗེ་བཟང་པོར་སྙིང་ནས་དད།།

    གང་གི་འཕྲིན་ལས་ཉ་གང་དུང་ཟླའི་འོད།།

    ནད་ངན་ཚ་གདུང་ཞི་ལ་ཆེས་སྨན་པས།།

    རིས་མེད་སྐྱེ་འགྲོའི་ཕན་བདེ་བསྐྲུན་པའི་སླད།།

    སྲིད་མཐར་མི་ཉམས་ཆེས་ཆེར་འཕེལ་གྱུར་ཅིག

    ཕུལ་བྱུང་གཞུང་ལུགས་ཡིད་བཞིན་དབང་གི་རྒྱལ།།

    འཛིན་སྐྱོང་སྤེལ་བའི་བློ་གསལ་ཡོད་དོ་ཅོག

    རྟག་གུས་བརྩོན་པའི་སྐྱ་བ་མི་ལྷོད་པར།།

    འཕྲལ་ཕུགས་ལེགས་པའི་བགྱི་བར་གཞོལ་བར་སྨོན།།

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001334298791