བོད་ལྗོངས།
༄༅།། ཤན་རྩའི་ཡུལ་སྐོར་བསྟོད་བཤད།

    རྩོམ་པ་པོ།ཀརྨ་ཤེས་རབ།

    ཇོ་མོ་རྒྱལ་གངས་ལྷ་མོ།།  སྟོང་ཁྱུང་ཟོམ་ཁྲ་ཕྱུག་མོ།།

    བརྗིད་ཆགས་མ་ཡོ་གྭ་བ།།  ཚ་རོག་རྡོ་རྗེ་བྲག་དཀར།།

    གསེར་རྡོ་གངས་ཆེན་རི་བོ།།   གཏེར་དང་རི་དྭགས་འཛོམས་པའི།།

    བྱིན་ཅན་རི་བོའི་རྔམ་བརྗིད།།  ཡུལ་སྐོར་སྟོང་གི་ཕྱོགས་ཡུལ།།

    སེར་གླིང་བསྡུ་མཚོ་ཕྱུག་མོ།།  སྔོ་མོ་མཚོ་ཡི་གླིང་ཕྲན།།

    སྐྱ་རེངས་ཀླུ་མཚོ་ཕྱུག་མོ།།  མུ་ཏིག་དར་ལ་གཡུ་མཚོ།།

    གཞུང་སྨད་གཙང་ཆབ་སྔོན་མོ།།  ཉ་སྲམ་འདབ་ཆགས་འཁོར་བའི།།

    མཚོ་དང་གཙང་པོའི་མཛེས་སྡུག།  ཡུལ་སྐོར་སྟོང་གི་ཕྱོགས་ཡུལ།།

    སྐྱེས་བཟང་གཤིས་འཇམ་མི་བུ།།  རྟ་ནོར་ར་ལུག་སྒོ་ཟོག།

    ཤྭ་དགོ་གནའ་གཉན་རི་དྭགས།།  གསའ་དྲེད་ཝ་གྲུམ་གཅན་གཟན།།

    ལྷ་བྱ་ཁྲུང་ཁྱུང་འདབ་ཆགས།།  མི་ཕྱུགས་འཆམ་ཞིང་མཐུན་པའི།།

    ནང་བཅུད་ནང་གི་ནོར་བུ།།  ཡུལ་སྐོར་སྟོང་གི་སྨོན་ཡུལ།།

    འཁོན་རྡེལ་ལུ་མའི་ཆུ་ཚན།།  བ་ཚྭའི་ཏིལ་ར་ཆུ་ཚན།།

    གཤེན་མཁར་ལུང་བཟང་ཆུ་ཚན།།  བརྒྱ་འདུས་ལོ་བུའི་ཆུ་ཚན།།

    སྟག་ལུང་ལུང་མདོའི་ཆུ་ཚན།།  ནད་རིགས་རྩ་བཞི་འཇོམས་པའི།།

    ངོ་མཚར་ལུས་གསོའི་ཆུ་ཚན།།   ཡུལ་སྐོར་སྟོང་གི་ཕྱོགས་ཡུལ།།

    བ་ཚྭའི་རྒྱན་གོས་བཟོ་རྩལ།།   སྙན་གྲགས་བོད་སྨན་བཟོ་རྩལ།།

    མ་ཡོའི་མགར་སོད་བྲག་ཕུག།  རྫོང་སེར་རྫོང་ནག་མཁར་ཤུལ།།

    དོམ་རའི་དམར་ཐིག་བྲག་ཕུག།   བརྒྱུད་འཛིན་རིན་ཐང་བྲལ་བའི།།

    གནའ་ཤུལ་རིག་གནས་འབྱུང་ཁུངས།།   ཡུལ་སྐོར་སྟོང་གི་ཕྱོགས་ཡུལ།།

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001333552441