བོད་ལྗོངས།
དྲན་པའི་མཁའ་ན་ལྡིང་བའི་བཤེས་གཉེན་བྱ་རྒྱལ་རྒོད་པོ།

    རྩོམ་པ་པོ་རལ་གྲི་སྒང་སྤེན་རྒྱལ།

    ཀི་སྒྲ་དང་བཅས་གཉིད་མཚོར་ལྷུང་བ་ཡི་སློབ་མ། །

    ཁུ་སིམ་བདེ་བའི་མལ་ཐུལ་མཐུག་པོ་ལས་སློང་མཁན། །

    གེ་སར་དམག་ལ་ཞུཌ་འདྲའི་ལས་རོཌ་འགའ་མཐོང་དུས། །

    ངོ་མ་ཡིད་ལ་འཇཌ་པའི་བཤེས་གཉེན་འགའ་དྲན་འོངས། །

    ཅི་སྟེ་སློབ་འབྲིང་དུས་ནི་ཡུད་ཙམ་ལ་རྫོགས་པ། །

    ཆུ་བོ་ཐུར་དུ་བབས་པའི་ངང་ཚུལ་ལས་མ་འདས། །

    ཇེ་ཟབ་རིག་ཚན་སྣ་ཚོགས་མིག་སྒོ་རུ་བཤམས་དུས། །

    ཉོ་མཁན་གཅིག་ཀྱང་མེད་པའི་ཚོང་པ་བཞིན་འུ་ཐུག །

    ཏི་ཤྲི་ཀུན་དགའ་རྒྱལ་མཚན་ལེང་ཅུ་རུ་གཤེགས་རབ། །

    ཐུ་མི་ཨ་ནུས་ཡི་གེ་གསར་བཅོས་སོགས་མཛད་ཚུལ། །

    དེ་ལ་དེ་བསྟུན་སློབ་ཁྲིད་ཉིན་བྱེད་ཀྱི་སྣང་བས། །

    ནོར་རྫས་ཁོ་ནར་ཕྱོགས་པའི་རྨོངས་པ་དེ་གསལ་སོང་། །

    པི་ཝང་རོལ་ཆར་མཁས་ཤིང་རྩོམ་རིག་ལ་སྤྲོ་བའི། །

    ཕུར་བཀྲ་མཚན་དུ་འཛིན་པའི་བཤེས་གཉེན་གྱི་དྲིན་ལས། །

    བཻ་རོ་ཙ་ན་སོགས་པའི་ལོ་རྒྱུས་ཙམ་མ་ཡིན། །

    མོ་གཤམ་ཡི་གེ་སོགས་པའི་སུམ་རྟགས་ཀྱང་འབྱོངས་སོ། །

    ཙི་ནའི་ཡུལ་སོགས་ས་ཕྱོགས་ངེས་མེད་ལ་མ་འགྲིམས། །

    ཚུགས་ཐུབ་རང་རིག་ཡོན་ཏན་སྤྱི་ཡོངས་ལ་མཁས་པའི། །

    མཛེ་ཅན་ནད་ལས་འདྲེན་མཁས་ཕུར་བསམ་ཁོང་དྲན་ཚེ། །

    ཝོ་རྒྱལ་ཆེ་སོང་ཞུ་བའི་སྤོབས་པ་ལས་མ་འདས། །

    ཞི་དུལ་བྱམས་དང་སྙིང་རྗེའི་རང་བཞིན་གྱིས་ཕྱུག་ལ། །

    གཟུ་ལུམ་སྤྱོད་པའི་གཡའ་ཙམ་འགོས་པ་ཡང་མེད་པའི། །

    འེ་ཅག་གཉིས་པའི་འཛིན་བདག་ལྷག་པ་ཡི་སྐུ་དྲིན། །

    ཡོ་འཁྱོག་མེད་པར་སེམས་ཀྱི་གཏིང་ས་ན་ཉར་ཡོད། །

    རི་བོ་པང་དུ་འདེགས་ནུས་འགྱིངས་སྟོབས་དང་ལྡན་པའི། །

    ལུས་རྩལ་དགེ་རྒན་པ་རྡོར་མཚན་ཙམ་ནས་ཐོས་དུས། །

    ཤེད་ཤུགས་རྒྱས་ཀྱང་སློབ་མ་སྤྱི་ཡོངས་ལ་བྱམས་ཤིང་། །

    སོ་དཀར་འཛུམ་ཕྲེང་དགོད་པའི་སྙིང་ཉེ་ཞིག་དྲན་འོང་། །

    ཧི་ཧི་རྒད་པོའི་དྲན་འཆར་ཆོ་མེད་ཀྱི་ཆབ་རྒྱུན། །

    ཨུ་ཚུགས་མཐར་སྐྱེལ་ཚིག་གི་ཡུར་བ་ལ་དྲངས་འདི། །

    ཧེ་བག་དོན་དང་འགལ་རིགས་ཅུང་ཟད་ཅིག་ཤོར་ན། །

    ཨོ་ཤེས་སྐུ་མཁྱེན་གསལ་འདེབས་ཡང་འདེབས་ཤིག་གནང་རོཌ། །

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386664301