བོད་ལྗོངས།
གྲོགས་དང་གྱེས་ཚུལ།

    རྩོམ་པ་པོ་ལྕང་སྨོན།

    གྲོགས་པོ་ལགས།

    ལོ་ཟླའི་འགྲོས་ཀྱིས་ངེད་གཉིས་ཀྱི་ལང་ཚོར་ཐུབ་ཚོད་ཅི་འདྲ་མང་ཡང་།

    ལ་རྒྱའི་ཐམ་གས་ངེད་གཉིས་ཀྱི་སེམས་ངོར་ནག་ནོག་འབྲི་མི་སྲིད།

    གྲོགས་པོ་ལགས།

    འཚོ་བའི་འགན་འཁྲིས་ངེད་གཉིས་ཀྱི་འཛོམས་དུས་ལ་བར་ཆད་ཅི་འདྲ་མང་ཡང་།

    ཡིད་རྟོན་གྱི་ལྷུན་པོས་ངེད་གཉིས་ཀྱི་མཛའ་བཤེས་ལ་འགྱུར་བ་འབྱུང་མི་སྲིད།

    གྲོགས་པོ་ལགས།

    མི་རྟག་ཆོས་ཉིད་ཀྱིས་ངེད་གཉིས་ཀྱི་གཉེན་ཉེ་དུར་གོད་ཆག་མང་ཡང་།

    དཀྱེལ་ཡངས་ཀྱི་གཤོག་པས་ངེད་གཉིས་ཀྱི་མཐོང་ལམ་སྒྲིབ་མི་སྲིད།

    གྲོགས་པོ་ལགས།

    རྣམ་རྟོག་གི་དབྱུ་གུས་ངེད་གཉིས་ཀྱི་སེམས་ཁམས་བག་རེ་དཀྲུགས་ཀྱང་།

    བཟོད་པའི་ཉི་ཟེར་གྱིས་ངེད་གཉིས་ཀྱི་བརྩེ་བའི་ཆུ་ཀླུང་འཁྱགས་མི་སྲིད།

    གྲོགས་པོ་ལགས།

    ངེད་གཉིས་ཀྱི་དེ་རིང་གི་ལབ་གླེང་ལ་གསང་བ་སྦྲུམ་མེད་པས།

    སང་ཉིན་གྱི་ཇུས་འགོད་ལ་གཡོ་ཁྲམ་གྱི་སྦྱོར་བ་ཡོད་མི་སྲིད།

    གྲོགས་པོ་ལགས།

    ངེད་གཉིས་ཀྱི་དེ་རིང་གི་འཚོ་སྟངས་ལ་གཙོག་དྲི་སྦགས་མེད་པས།

    སང་ཉིན་གྱི་བགྲོད་ལམ་དུ་ལེ་བདའ་ཡོད་མི་སྲིད།

    གྲོགས་པོ་ལགས།

    ངེད་གཉིས་ཀྱི་དེ་རིང་གི་འཛུམ་མདངས་ལ་ལྷད་མེད་པས།

    སང་ཉིན་གྱི་དགོད་སྒྲ་ལ་སྦས་དོན་འཇབ་མི་སྲིད།

    གྲོགས་པོ་ལགས།

    ཁྱེད་ཀྱང་འཚོ་བའི་འདམ་ནང་ངུ་མ་དགོད་ཀྱིས་ཆས་བཞིན་འདུག་ལ།

    ང་ཡང་མི་ཚེའི་འཕྲང་ལམ་དུ་ཨ་ན་ཨུ་ཚུགས་ཀྱིས་བགྲོད་ཀྱིན་ཡོད།

    གྲོགས་པོ་ལགས།

    ངེད་གཉིས་ཀྱི་ནང་སྙིང་ལས་ཕྱུང་པའི་གཏམ་རྡོག་གཅིག་ཏུ་འགྲིལ་བས།

    ངས་སང་ཉིན་བྲལ་དགོས་པའི་དངོས་དོན་ཡང་གཏིང་བརྗེད་དུ་ཕྱིན།

    གྲོགས་པོ་ལགས།

    མ་གཞི་ནས།

    སང་ཉིན་རྒྱང་དུ་བྲལ་དགོས་པ་ནི་ལུས་འབའ་ཞིག་ལས།

    སེམས་ཀྱི་བར་ཐག་ཅི་ལ་ཡིན་སྲིད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386815221
ML>