བོད་ལྗོངས།
རིམས་འགོག་ཚོར་སྣང་མགྱོགས་བརྗོད་མ།

    དཔལ་ལྡན་ཆོས་སྐྱོང་།

    ཀྲུང་ཧྭ་ནོར་འཛིན་གཞོན་ནུའི་སྐུ་ལུས་ལ། །

    དཔྱིད་རླུང་བུ་མོ་འཁྱུད་པའི་སྣང་ཚུལ་དེར། །

    ཏོག་དབྱིབས་སྲིན་འབུ་ཁྲོས་པའི་ཕྲག་དོག་གིས། །

    ཝུའུ་ཧན་རྒྱུད་ནས་ནད་ཀྱི་དཔུང་འཇུག་བྱས། །

 

    གཡོ་ཅན་ཏོག་དབྱིབས་གློ་ཚད་རིམས་ནད་ཀྱིས། །

    ཐོག་མར་དབུགས་ལམ་གཉན་ཚད་རྒྱས་པ་དང་། །

    བར་དུ་གློ་ཚད་མེ་ལྕེ་འབར་བ་སོགས། །

    མཐའ་མ་དབུགས་འགག་འཆི་མའི་ལམ་དུ་ཁྲིད། །

 

    རིམས་ནད་འགོས་པའི་རྟགས་རིས་དམར་པོ་ཡིས། །

    བྱ་དབྱིབས་ས་ཁྲ་རིམ་གྱིས་སྦགས་པའི་ཚེ། །

    རྒྱལ་ཡོངས་བུ་ཕྲུག་དུང་ཕྱུར་བཅུ་བཞི་ཡི། །

    སེམས་ཀྱི་གྲུ་ཆུང་སྐྲག་སྣང་རླུང་གིས་གཡོ། །

 

    ངན་ངན་ནད་ལ་སྙིང་རྗེ་མེད་གྱུར་ཀྱང་། །

    སྐྱིད་སྐྱིད་མི་ཡུལ་འདི་ན་བརྩེ་བས་ཁེངས། །

    མང་མང་རིམས་ནད་ཚོད་འཛིན་བྱ་བའི་ཚོགས། །

    འུར་འུར་གང་སར་སྤེལ་བ་ཨེ་མ་སྨད། །

 

    གཙོ་འཛིན་ཉི་ཟླ་ཟུང་གི་ཇུས་འགོད་འོག །

    གོང་འོག་གཅིག་སྒྲིལ་མཛའ་མཐུན་ཉ་ཆུ་ཟབ། །

    ཀྲུང་ནན་ཧྲན་སོགས་གོས་དཀར་ལྷ་རྗེ་ཡིས། །

    སྨན་བཅོས་ལག་རྩལ་ངོམས་པའི་ཉམས་བཟང་བརྗིད། །

 

    ནད་སྲིན་འཇོམས་པའི་འཐབ་ས་མདུན་མ་ལ། །

    གོས་དཀར་དམག་གི་ལྷག་བསམ་མི་སེམས་གཡོ། །

    ཉེན་རྟོག་དཔོན་གྱི་དཔའ་ངར་འགྲན་ཟླ་བྲལ། །

    དང་བླངས་པ་ཡི་སྙིང་སྟོབས་སྲིད་པའི་རྒྱན། །

 

    སྲོག་ཤིང་དཔོན་གྱི་ཡང་དག་བཀའ་བཀོད་བཟང་། །

    སྨན་དོན་མི་སྣའི་རྣམ་དཔྱོད་མེ་ཏོག་བཀྲ། །

    དཔོན་འབངས་མཐུན་སྒྲིལ་གསེར་བཟང་མདུད་པ་སྲ། །

    ཏོག་དབྱིབས་དམག་ལས་རྒྱལ་བར་ཐེ་ཚོམ་ཅི། །

 

    ནད་ངན་སྨུག་སྤྲིན་འཐིབས་པའི་དུས་ངན་དེར། །

    ནད་མེད་པ་ཡིས་ཁ་རས་ལག་འཁྲུར་འབད། །

    ནད་འགོག་དང་ལེན་འདུ་འཛོམས་སྤང་བར་བྱ། །

    ནད་ཡམས་སྐོར་གྱི་དཀྲོག་གཏམ་ཁ་སྒོ་རྒྱོབ། །

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387734581