བོད་ལྗོངས།
ཨ་མ།

    རྩོམ་པ་པོ་ངག་དབང་རྒྱ་མཚོ།

    ཨ་མའི་བྱམས་བརྩེ་ནི་ཕྱག་ཟུང་དྲོན་མོ་ཞིག་གིས་བུ་ལོའི་སྐྲ་ལོ་ཟང་ཟིང་ལ་བྱིལ་བྱིལ་བྱེད་དུས་ཀྱི་མིག་མདངས་སྙིང་ཉེ་བ་དེ་ཡིན་ལ། ཁྱིམ་ཚང་ཞེས་པའི་ཐ་སྙད་དྲོན་མོ་ཞིག་གི་ཆེད་དུ་དཀའ་སྤྱད་འབད་འཐབ་བྱས་པས་དཔྲལ་བའི་གཉེར་རིས་ཀྱི་ཁྲོད་ནས་དལ་བུར་བཞུར་བའི་རྔུལ་ཆུ་དག་ཡིན། དཔལ་འབྱོར་དང་དབང་ཐང་གིས་ཕོངས་རུང་། འཇིག་རྟེན་འདི་ན་བུ་ཕྲུག་ལ་ཆེས་རིན་ཐང་ལྡན་པའི་ནོམ་པ་གནང་མཁན་ནི་ཨ་མ་རེད་དེ། བྱམས་བརྩེ་རྣལ་མའི་གཉོར་སྐྱོང་ལ་གསེར་དངུལ་གང་གིས་ཀྱང་ནམ་ཡང་མི་དོ་བའི་རིན་ཐང་ཡོད། ཨ་མ་དྲན་དུས་འཆར་ཡན་དང་འཁྲུལ་སྣང་གིས་བསྣབས་པའི་དོན་སྟོང་གི་ཚིག་སྙན་མཐའ་དག་རྩྭ་ངན་བཞིན་དོར་ནས། ངེས་པ་དོན་གྱིས་ཨ་མའི་བྱིན་རླབས་དང་བྱམས་བརྩེ་ལ་བཀའ་དྲིན་མཚོན་ཐུབ་པའི་ཐ་སྙད་ཁ་ཡོད་ལག་ཡོད་དེ་རྣམས། སེམས་ཀྱི་ཚིག་མཛོད་མཐུག་པོའི་ཟབ་ས་ནས་ལྷུ་བསྒྲིགས་སྟེ། ཨ་མ་ཁོ་ན་མཚོན་ཐུབ་པའི་ཚིག་གི་ཕོ་བྲང་ཞིག་བཞེངས་ཆོག འོན་ཀྱང་། དུས་ད་ཆ་ཨ་མ་ནི་ལྗིད་ཏིག་ཏིག་གིས་སྙིང་ཁ་ན་སྒོམ་པའི་རྒྱང་རིང་གི་སྣང་བརྙན་ཞིག ཡུལ་དང་དུས་ཀྱིས་བསྐལ་བའི་ཨ་མ་ནི་མེ་འཁོར་དང་གནམ་གྲུ་ལ་བཞུགས་ནས་ལེ་དབར་སྟོང་གི་ཕ་རོལ་དུ་སོང་ཡང་ཞལ་མཇལ་ཐུབ་པ་ཞིག་མིན་དུས། ཕ་ཡུལ་གྱི་པང་ནས་ཀྱང་རང་ཉིད་ནི་རྒྱུས་མེད་གཞན་ཡུལ་དུ་གྱར་བ་ལྟ་བུའི་སྟོང་ལྷང་ལྷང་གི་ཚོར་བ་ཞིག་ནམ་ཞར་དུ་སེམས་ཀྱི་གཏིང་དང་བླ་ཡི་གཙུག་ཏུ་ཞོ་ལྟར་ཆགས་འོངས།

    ཨ་མའི་སྐོར་གྱི་གཏམ་རྒྱུད་ཡོད་ཚད་ནི། ཡར་སྐུལ་དང་བསླབ་བྱའི་དཀྲུམ་ཁུས་བརླན་པའི་གཏམ་རྒྱུད་གསོན་ཉམས་དོད་པ་འབའ་ཞིག་ཡིན་ཡང་རུང་། ཨ་མས་རང་ཉིད་ནི་ཨ་མ་ཞིག་ཏུ་གྱུར་ནས། བྱ་རྒོད་བཞིན་ནམ་འཕངས་གཅོད་པའི་བུ་ཕྲུག་འགའ་ཞིག་གསོས་པར་སྤོབས་པ་སྐྱེས་མ་མྱོང་ལ། དེ་དག་གིས་ནམ་ཞིག་ཤ་རྡོག་འདྲ་བའི་དྲིན་ལན་གསལ་པོ་ཞིག་མཇལ་ཡོང་སྙམ་པའི་རེ་བ་ནི་དེ་བས་བཅངས་མ་མྱོང་། དེ་ལས་ལྡོག་སྟེ། རྒོད་པོ་བཞིན་ནམ་འཕངས་གཅོད་ཀྱིན་པའི་བུ་ཕྲུག་དེ་དག་ལ་དྲག་ཆར་རླུང་འཚུབ་དང་། ལྷ་འདྲེ་གདོན་བགེགས་ཅི་རིགས་ཀྱིས་གེགས་དང་བར་ཆད་མི་གཏོང་བའི་གསོལ་བ་སྨོན་ལམ་འདེབས་བཞིན་ཡོད། ཨ་མས་རང་ཉིད་ནི་འཛད་དུ་མེད་པའི་བུད་ཤིང་བཞིན་བསྲེགས་ནས་བུ་ལོའི་ལམ་བུ་གསལ་གྱིན་ཡོད། འོན་ཏེ། ཨ་མ་ནི་འཛད་དུ་མེད་པའི་བུད་ཤིང་ཡིན་ནམ། ཨ་མའི་བྱམས་བརྩེ་ལ་མུ་མཐའ་མེད་པ་ཇི་བཞིན་དུ་ཨ་མའི་ཚེ་སྲོག་དང་ཨ་མའི་ལང་ཚོ་ཡང་བསྐལ་པའི་ཁྲོད་དུ་ནར་མར་འབྱམས་ཡོད་དམ།

    ཨ་མ་དང་རིང་དུ་གྱེས་རྗེས། ཨ་མའི་བྱམས་བརྩེ་ནི་རྣམ་པ་མི་འདྲ་བ་ཞིག་གི་ལམ་ནས་མགོ་ལ་ཉི་མ་བཞིན་འཆར་ཡོད་ལ་འོག་ལ་ས་གཞི་བཞིན་བཏིང་ཡོད། ཨ་མས་ཚེ་གཅིག་ལ་ཁེ་གྲགས་གཏམ་གྱི་འདུན་པ་བུམ་པ་གང་བྱོའི་ཚུལ་དུ་གནང་མ་ཐུབ་ཀྱང་། ལམ་དྲང་པོ་ཞིག་ལ་ཞུགས་ནས་རྩྭ་ཉག་མ་ལྟ་བུའི་དམའ་ས་བཟུང་སྟེ་མགོན་ཉི་མ་ཇི་བཞིན་མུན་པའི་གླིང་ན་སྦར་མྱུལ་བྱེད་པའི་ཚེ་སྲོག་ལ་དྲོད་དང་སྣང་བའི་གནང་སྦྱིན་མཛད། འཇིག་རྟེན་བྱེད་པོ་ཞེས་པ་ངག་རྒྱུན་དང་ལྷ་སྒྲུང་གི་ཁྲོད་དུ་ཆགས་པ་ཞིག་ཡིན་ན། ཨ་མ་ཁོ་ན་དོན་དངོས་འཚོ་བའི་ཁྲོད་ཀྱི་འཇིག་རྟེན་བྱེད་པོ་རེད།

    སྒྱུ་རྩལ་མཁན་པོ་དག་གིས་ཨ་མ་གླུ་ལ་བསྒྲིལ་ནས་ལེན་མྱོང་ལ། ཨ་མ་ཚིག་གིས་བསྐུངས་ནས་བྲིས་མྱོང་། དབྱངས་རྟ་སྙན་མོའི་ལྡེམ་འཁྱུག་གི་ཁྲོད་དུ་ཨ་མ་ལ་རྒས་རྒྱུ་མེད་པའི་བཞིན་རས་བསྩལ་ལ། སྙན་ངག་བརྗིད་པོའི་ཚིག་ཟིན་གྱི་དབུས་སུ་ཨ་མ་ལ་རྫོགས་རྒྱུ་མེད་པའི་འཛུམ་མདངས་སྦྱར་ཡོད། ཨ་མའི་ངོ་གདོང་དང་འཛུམ་མདངས་མཐའ་དག་རྟོགས་པ་དང་སེམས་འགྱུ་ཁོ་ནས་བློས་བསླངས་བྱེད་པའི་དུས་མཐའ་ཞིག་ལ་ཐོན་སྐབས། ཨ་མའི་ལུས་ཕུང་དང་བག་ཆགས་ནི་ཅི་འདྲའི་རྒྱང་རིང་ཞིག་ནས་བུ་ལོར་གཡབ་མོ་བྱེད་ཀྱིན་པ་སུ་ཞིག་གིས་རྟོགས།

    ཨ་མའི་དྲིན་ལན་རྫོགས་པར་འཇལ་མྱོང་བའི་བུ་ཕྲུག་རླབས་ཆེན་ཞིག་སྲིད་པའི་དཀྱིལ་འཁོར་ངོས་སུ་ད་བར་དུ་འཁོར་མ་མྱོང་། འོན་ཀྱང་། བུ་ཚའི་དགོད་སྒྲ་རྣམ་དག་ཅིག་གིས་ཨ་མའི་འདོད་པ་ཡོངས་སུ་ཚིམ་པར་གྱུར་ན། ད་རུང་ཤ་ནས་མཆེད་ཅིང་སེམས་ཀྱིས་གཉོར་བའི་བུ་ཕྲུག་མང་པོས་ཨ་མར་འཛུམ་མདངས་ཕྲ་མོ་ཞིག་གི་དྲིན་ལན་ཙམ་ཞིག་འཇལ་བར་ལ་རི་ཀླུང་གསུམ་བརྒལ་བའི་དཀའ་ངལ་ཡོད་མདོག་སྟོན་པ་མཚར། ནམ་ཞིག་ཨ་མའི་བཞིན་རས་རྟོག་འཆར་དང་དྲན་གསོའི་ཀློང་ནས་མ་གཏོགས་འཕྲད་སྐལ་མེད་དུས། བསྐལ་བརྒྱར་ཟུག་པའི་འགྲམ་ལྕག་ཚ་མོས་ཨ་མར་རྟ་རྔ་ཙམ་གྱི་འཛུམ་མདངས་ཕྲ་མོའི་དྲིན་ལན་ཡང་མཇལ་འདོད་མེད་པ་དེ་དག་གི་ཡིད་ངོར་རྟག་བརྟན་གྱི་རྨ་ཤུལ་འཇོག་སྲིད།

    བྲག་རི་མཐོན་པོའི་སྤོ། ཆུ་བོ་དམའ་མོའི་གཏིང་། གྲོང་ཁྱེར་ཟིང་པོའི་དབྲག ཞིང་ཐང་ཡངས་པོའི་ཁྲོད། རྩྭ་ཐང་ཆེན་པོའི་དཀྱིལ། སེམས་ལ་འཆར་རྒྱུ་ཡོད་པ་དང་རྐང་པས་འགྲོ་རྒྱུ་ཡོད་པའི་ས་ཞིག་ཡིན་ཕྱིན། ཨ་མ་ཞེས་པའི་གདོད་མའི་ཐ་སྙད་ཅིག་གམ་རྟག་བརྟན་གྱི་བྱམས་བརྩེ་ཞིག་ལ་ད་བར་དུ་འབོད་པ་དང་དྲན་གདུང་ལྷོད་མ་མྱོང་ལ། ཨ་མ་ཞེས་པའི་ལྷ་ཀླུ་གཞི་བདག་གི་བླ་ནས་འཕགས་པའི་ལུས་ངག་ཡིད་ཀྱི་སྐྱབས་གནས་དམ་པ་ཞིག་དུས་དང་རྣམ་པ་ཀུན་ཏུ་བུ་ལོའི་སྐྱིད་སྡུག་འཚོ་བའི་གཟུགས་མེད་ཀྱི་མེ་ལོང་དང་སྒྲོན་མེ་རུ་གྲུབ་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001388324181