བོད་ལྗོངས།
ཟ་ཁང་ཞིག་གི་མཐོང་ཐོས།

    རྩོམ་པ་པོ་རྣམ་གླིང་རིན་ཆེན།

    གཙང་བཀྲ་ཤིས་ལྷུན་པོ་དགོན་པའི་ཉེ་འགྲམ་དུ་ཆགས་པའི་ཕུན་ཚོགས་གསོལ་ཚིགས་ཁང་ནི་གཙང་ཁུལ་གྱི་མི་ཚོགས་འདུ་འཛོམས་ཆེ་ས་ཞིག་ཡིན། ལྷག་པར་དུ་དེ་རིང་ནི་གཟའ་ཉི་མ་ཡིན་པས། གནས་འདིར་འདུས་པའི་མི་ཚོགས་ནི་བུང་བ་དྲི་ཞིམ་མེ་ཏོག་ལ་འཁོར་བ་ཇི་བཞིན་ཧ་ཅང་མང་ཞིང་། གནས་འདིར་རེ་ཞིག་འདུ་འཛིའི་མཁའ་དབུགས་སྟུག་པོ་ཞིག་གིས་ཡོངས་སུ་ཁེབས་འདུག

    གནས་འདི་རུ་འདུས་པའི་མི་ཚོགས་ཕལ་ཆེ་བ་ནི་ཉིན་ལྟར་ཞོགས་པ་དགོན་པར་ཆོས་མཇལ་དང་སྦྲགས། གླིང་སྐོར་ལ་ཕེབས་མཁན་གྱི་དད་ལྡན་མང་ཚོགས་ཡིན་པ་དང་། དེ་མིན་ཡུལ་གཞན་ནས་ཕེབས་པའི་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ། གྲོང་ཁྱེར་དུ་ཅ་ལག་ཙག་ཙིག་རེ་ཉོ་བར་ཡོང་བའི་འཛད་སྤྱོད་པ་རེད་ལ། ད་དུང་། ང་རང་ལྟ་བུའི་དམིགས་ཡུལ་མེད་པར་ཕར་འགྲོ་ཚུར་འོང་གི་ཁྲོད་དུ་ཉི་མ་སྐྱེལ་མཁན་མི་ཉུང་བ་ཡང་ཡོད།

    ངས་སྔར་རྒྱུན་ལྟར་ཕུན་ཚོགས་གསོལ་ཚིགས་ཁང་དུ་བསྡད་ནས་གསོལ་ཇ་མངར་མོ་ལོངས་སུ་སྤྱོད་ཞོར་ལྷ་རྩེའི་སྟོད་གཞས་ལ་ལྟད་མོར་གཡེང་ནས་བསྡད། གློ་བུར་དུ་ངའི་ཁ་པར་གྱི་སྒྲ་གྲགས་བྱུང་།

    ཁ་པར་རྒྱག་མཁན་ནི་ང་དང་ལོ་མང་མ་ཕྲད་པའི་ངའི་སློབ་ཆེན་གྱི་སློབ་གྲོགས་བཟང་པོ་བན་དེ་སྐྱབས་རེད། ཁོས་ང་ལ་ཁ་པར་བཏང་ནས་གཙང་ཁུལ་གྱི་ཕྱི་ལུགས་པའི་ཟ་ཁང་རྩེ་གྲ་ཞིག་ཏུ་ཟ་མ་བཟའ་བར་ཤོག་ཟེར། ངས་དེ་འཕྲལ་ཕུན་ཚོགས་གསོལ་ཚིགས་ཁང་གི་སྒོ་ཁར་སོང་ནས་གླ་བྱེད་རླངས་འཁོར་ཞིག་ལ་བསྡད་དེ་ཐད་ཀར་གྲོགས་པོ་བན་དེ་སྐྱབས་ཡོད་སའི་ཟ་ཁང་དེ་སྙེག་ནས་ཕྱིན།

    སྐབས་དེ་དུས་མཚན་མོའི་ཆུ་ཚོད་བཅུ་གཅིག་པར་སླེབས་འདུག ཟ་ཁང་དེའི་ནང་ང་དང་གྲོགས་པོ་བན་དེ་སྐྱབས་མ་གཏོགས་མི་གཞན་པ་གཅིག་ཀྱང་མི་འདུག་པས། ངེད་གཉིས་པོས་ཁ་ལག་ཟ་ཞོར་རང་རང་གི་གནས་ཚུལ་ཁ་བརྡ་བྱས་ནས་བསྡད། དུས་ཚོད་ཅུང་ཟད་འགོར་རྗེས། ཟ་ཁང་ནང་དུ་རྒན་མོ་ཞིག་གིས་ལོ་བདུན་བརྒྱད་ཙམ་གྱི་བྱིས་པ་ཞིག་ཁྲིད་ནས་སླེབས། རྒན་མོ་དེའི་ངོ་གདོང་ཉི་མས་འཚིགས་ཏེ་དམར་སྨུག་ཏུ་གྱུར་ཅིང་། ལག་ཟུང་གི་ངོས་སུའང་གཉེར་མ་དང་། སེར་ཁ། རྨ་ཤུལ་སོགས་ཀྱིས་བཀང་འདུག་པས། ཕར་ལ་བལྟས་ན་མོའི་འཚོ་བའི་འཁོས་ཀ་ཅུང་ངན་ངོན་ཡིན་པ་ངང་གིས་ཤེས་ཐུབ། འོན་ཀྱང་། མོས་ཁྲིད་འོང་བའི་བྱིས་པ་དེ་ནི་གྲོང་ཁྱེར་དེའི་ལྟོ་གོས་གཉིས་འཛོམས་ཀྱི་བུ་ཕྲུག་ཇི་བཞིན་གདོང་པ་དཀར་ལ་མིག་ཟུང་ལ་གྲུང་ཤས་ཕྱུག་ཅིང་། གོན་པ་ཡང་གྲལ་འགྲིག་ལ་གཙང་ཐིང་ངེར་འདུག རྒན་མོ་དེས་ཟ་ཁང་གི་སྦྱིན་བདག་ལ་ཧ་ཅང་གུས་ཞབས་ཆེན་པོས“སྦྱིན་བདག་ལགས། དེ་རིང་ངའི་ཚ་བོའི་སྐྱེས་སྐར་ཡིན་པས། ངས་སྔོན་ཆད་ཚ་བོའི་སྐྱེས་སྐར་གྱི་ཉིན་མོར་ཁོ་པས་གཏན་ནས་བཟའ་མ་མྱོང་བའི་ཕྱི་ལུགས་པའི་ཟ་མ་ཞིག་ཟ་རུ་འཇུག་རྒྱུའི་ཁས་ལེན་བྱས་ཡོད། ཁྱེད་ཀྱིས་ངའི་ཚ་བོར་གཡག་ཤ་བརྔོས་མ་ཞིག་བཟོ་རོགས་གནོངས”ཞེས་བཤད་སོང་བས། སྦྱིན་བདག་གི་དགའ་རོགས་བུ་མོ་དེ་རྒན་མོའི་འཁྲིས་སུ་ཡོང་ནས་རྒན་མོའི་ཉམ་ང་བའི་ཚུགས་ཀར་ལྟ་བཞིན་མགོ་བོ་འཕྲེད་དུ་གཡུག་ཏེ་སྤོབས་ཉམས་ཆེན་པོས། “དགོངས་པ་མ་ཚོམས། ང་ཚོའི་ཟ་ཁང་སྔ་མོ་ནས་ལས་མཚམས་བཞག་ཟིན”ཞེས་བརྗོད་སོང་། རྒན་མོས་མགོ་བོ་ཅུང་ཟད་མར་ལ་དུད་ནས་འཚེར་སྣང་དང་སྦྲགས། “སྦྱིན་བདག་ལགས། ཐུགས་རྗེས་གཟིགས། བྱམས་དང་སྙིང་རྗེ་ཞིག་བསྒོམ་ནས་ངའི་ཚ་བོ་འདི་ལ་གཡག་ཤ་བརྔོས་མ་སྡེར་མ་གང་བཟོ་རོགས། སྡེར་མ་ཕྱེད་ཀ་བྱུང་ནའང་འགྲིག”ཅེས་ཞུ་བ་འཐེན། སྦྱིན་བདག་གི་དགའ་རོགས་སུ་འབོད་པའི་བུ་མོ་སྐྲ་སེར་དེས་དེ་འཕྲལ་སྐྲ་ལོ་སེར་ལ་རིང་བ་དེ་རྒྱབ་ཏུ་གཡུག་བཞིན། “དགོངས་པ་མ་ཚོམས། ང་ཚོ་ལས་མཚམས་བཞག་ཟིན། མ་གཞི་ནས་རང་ལ་ཕྱི་ལུགས་པའི་ཟ་མ་ཟ་བྱེད་ཀྱི་སྒོར་མོ་ཡོད་པས”ཞེས་དྲིས་སོང་། རྒན་མོ་དེས་མགོ་སྒུར་ལྕེ་སྣར་ལན་འགའ་བྱས་རྗེས། “ང་རང་ལས་མཚམས་བཞག་པ་འཕྱི་པོ་ཡིན་པས། ཕྱི་ལུགས་པའི་ཟ་ཁང་གཞན་པ་སྔ་མོ་ནས་སྒོ་བརྒྱབ་ཚར་འདུག”ཅེས་བརྗོད་ཞོར། རང་གི་ཁུག་མའི་ནང་ནས་སྒོར་བཅུ་ལོར་རལ་བ་ཐལ་རྡུལ་གྱིས་སྦགས་པ་འགའ་བཏོན་ནས་སྦྱིན་བདག་གི་དགའ་རོགས་དེ་ལ་སྤྲོད་རྩིས་བྱས་སོང་བས། སྦྱིན་བདག་གི་དགའ་རོགས་བུ་མོ་དེས་དེ་འཕྲལ། “ཧ་ཧ། སྒོར་མོ་མེད་པར་ད་དུང་ཕྱི་ལུགས་པའི་ཟ་མ་བཟའ་དགོས་ཟེར། དྲང་མོ་བཤད་ན། ཁྱོད་ཀྱི་སྒོར་མོ་དེས་གཡག་ཤ་ཏིག་ག་གཅིག་གི་རིན་ཡང་མི་ལོངས”ཟེར་བཞིན་ཡང་ནས་བསྐྱར་དུ་བགད་བྱུང་བས། བྱིས་པ་དེས་དེ་འཕྲལ་རྒན་མོའི་ལག་པ་ནས་བཟུང་སྟེ། “རྨོ་བོ་ལགས། ང་ཕྱི་ལུགས་པའི་ཟ་མ་བཟའ་མི་འདོད། ངེད་གཉིས་ལོག་འགྲོ”ཞེས་རྒན་མོར་སྨྲས། རྒན་མོས་བྱིས་པའི་སྐྲ་ལོར་བྱིལ་བྱིལ་ལན་འགའ་བྱེད་ཞོར་ཧ་ཅང་དུང་བའི་མིག་ཟུང་བྱིས་པའི་གདོང་ལ་ཅེར་ནས། “རྨོ་བོས་ཁས་བླངས་པའི་དོན་དག་ཡིན་ཕྱིན་དཀའ་སྡུག་ཅི་ཞིག་འཕྲད་ཀྱང་བསྒྲུབ་ངེས་ཡིན། བུ་རང་གིས་ཀྱང་ཕྱིས་སུ་གཞན་ལ་ཁས་ལེན་བྱས་པའི་བྱ་བ་ངེས་པར་དུ་བསྒྲུབ་དགོས་ཨང”ཞེས་བཤད་དེ། མུ་མཐུད་ནས་སྦྱིན་བདག་གི་དགའ་རོགས་དེ་ལ་ཞུ་བ་ཕུལ་སོང་བས། སྦྱིན་བདག་གི་དགའ་རོགས་དེས་དེ་མ་ཉིད་དུ་རྒན་མོར་མིག་ལོག་ལྟ་བཞིན། “ཁྱོད་ཀྱི་བསམ་པར་ང་ཚོའི་ཟ་ཁང་དེ་བྱམས་སེམས་ཚོགས་པའམ་ཡང་ན་ཕན་བདེ་ཁང་རེད་བསམས་བྱུང་ངམ། གལ་ཏེ་སྐུ་མགྲོན་རང་འདྲ་བ་རྐྱང་རྐྱང་ང་ཚོའི་ཟ་ཁང་ལ་ཡོང་ན། ང་ཚོའི་ཟ་ཁང་སྔ་མོ་ནས་རྐུབ་རྡིབ་སྟེ་སྒོ་རྒྱག་རྒྱུ་གཏན་འཁེལ་རེད”ཅེས་བཤད་དེ། རྒན་མོ་དང་བྱིས་པ་གཉིས་པོ་སྒོ་ཁར་བསྐྲད་སོང་།

    སྦྱིན་བདག་དེ་ནི་སྨྲ་བ་ཅི་ཡང་མེད་པར་ཟ་ཁང་གི་ཐབ་ཚང་ནས་རྒན་མོ་དེ་དང་རང་གི་དགའ་རོགས་གཉིས་ཀྱི་ཁ་བརྡ་ལ་རྣ་བ་བླགས་ཏེ་ཉན་ནས་འདུག རང་གི་དགའ་རོགས་དེས་རྒན་མོ་དང་བྱིས་པ་སྒོ་ཁར་བསྐྲད་པ་མཐོང་འཕྲལ་དེ་མ་ཉིད་དུ་སྦྱིན་བདག་དེས་རྒན་མོ་ཕྱིར་བོས་ནས་ཧ་ཅང་གུས་ཞབས་ལྡན་པའི་ངང་། “ཅུང་ཟད་སྒུགས་དང་། ང་ཚོའི་ཟ་ཁང་ལས་མཚམས་བཞག་ཟིན་མོད། ཟ་ཁང་ནང་གཡག་ཤ་བརྔོས་མ་ལྷག་མ་ཡོད་པས། ངས་ཁྱོད་ཀྱི་བྱིས་པ་ལ་རིན་མེད་དུ་ཕུལ་ཆོག”ཅེས་བཤད་དེ། ཟ་ཁང་གི་ཐབ་ཚང་ནང་འཛུལ་སོང་།

    ངོ་མ་བྱས་ན་ཟ་ཁང་གི་ནང་དུ་གཡག་ཤ་རྔོས་མ་ལྷག་མ་གཏན་ནས་མཐོང་རྒྱུ་མི་འདུག འོན་ཀྱང་། སྦྱིན་བདག་དེས་བློ་སེམས་རྣལ་ལ་ཕབ་ནས་རྒན་མོའི་བྱིས་པར་གཡག་ཤ་བརྔོས་མ་ཞིག་བཟོས་ཏེ་ཕྱིར་འཁྱེར་འོང་ནས་བྱིས་པ་དེའི་སྒྲོག་རྩེའི་མདུན་དུ་བཞག་བྱུང་། སྐབས་དེ་དུས་རྒན་མོར་སེམས་འགུལ་ཐེབས་ནས་མིག་ལ་རང་ཤུགས་ཀྱིས་མཆི་ཞག་འཁོར་འདུག རྒན་མོས་ལག་པ་འདར་སིག་སིག་ངང་རང་གི་ཁུག་མའི་ནང་ལ་བཅུག་སྟེ་སྒོར་བཅུ་ལོར་རྙིང་བ་ཐལ་རྡུལ་གྱིས་སྦགས་པ་དེ་ལ་རྡེབ་རྡེབ་ལན་འགའ་བྱས་ནས་ཧ་ཅང་གུས་ཞབས་ལྡན་པའི་ངང་། “སྦྱིན་བདག་ལགས། བཀའ་དྲིན་ཆེ། ཁྱེད་ཀྱིས་དངུལ་དེ་ཕར་ལ་བཞེས་རོགས། དེས་ཁྱེད་ཀྱི་ཁ་ལག་གི་རིན་པ་འདང་གི་མེད་པ་ངས་ཤེས། འོན་ཀྱང་། ངས་རིན་མེད་དུ་གཞན་གྱི་ཁ་ལག་བཟའ་འདོད་མེད། ཕྱིས་སུ་ངས་བསགས་བསགས་གྲུང་གྲུང་བྱས་ནས་དངུལ་ལྷག་མ་རྣམས་ཁྱེད་ལ་འབུལ་ངེས་ཡིན”ཞེས་བཤད། སྦྱིན་བདག་དེས་ཀྱང་ཁས་བླངས་པའི་ཚུལ་གྱིས་མགོ་བོ་ལྕོག་ལྕོག་ལན་འགའ་བྱེད་བཞིན་འཁྲིས་སུ་ཁ་ལག་ཟ་བཞིན་པའི་བྱིས་པ་དེའི་ཕྱོགས་སུ་མིག་ཟུང་གཏད་ཞོར་ཁོ་རང་གི་གདོང་ལའང་འཛུམ་མདངས་ཤིག་ངང་གིས་རྒྱས་བྱུང་།

    དེ་ནས་དུས་ཚོད་ཅུང་ཟད་འདས་རྗེས། སྦྱིན་བདག་དང་སྦྱིན་བདག་གི་དགའ་རོགས་གཉིས་པོ་ཟ་ཁང་གི་ཐབ་ཚང་ནང་དུ་ཁ་རྩོད་རྒྱག་གིན་འདུག

    “ཁྱོད་ཀྱིས་གཞན་ལ་རིན་མེད་དུ་ཁ་ལག་སྤྲད་ན་ཁེ་བཟང་ག་ལ་ཡོད”སྦྱིན་བདག་གི་བུ་མོ་དེས་ཁོང་ཁྲོ་ཆེན་པོས་དེ་ལྟར་བརྗོད།

    “ཚོང་པ་ཞིག་ལ་ཆ་མཚོན་ན་ཁེ་སྤོགས་ལ་བསམ་བློ་གཏོང་དགོས་ངེས་རེད། འོན་ཀྱང་། ང་ཚོར་ཁེ་བཟང་དགོས་ན། སྐུ་མགྲོན་ལ་སེམས་རྩ་འཁོལ་པོས་ཞབས་ཞུ་བསྒྲུབ་དགོས། སྐུ་མགྲོན་མཐའ་དག་ལ་འདྲ་མཉམ་གྱི་ལྟ་བ་འཛིན་དགོས”སྦྱིན་བདག་གིས་སྨྲ་བ་དལ་པོས་དེ་ལྟར་སྨྲས།

    “མི་གཞན་གྱི་གདོང་པར་ལྟ་དགོས་དོན་ཅི་ཡོད། ང་རང་གཉིས་ལ་ཁེ་བཟང་བྱུང་ན་དེ་ཡིས་འགྲིག”མོས་སྦྱིན་བདག་གི་གདོང་ལ་ལྟ་ཞོར་ཁོང་ཁྲོ་ཆེན་པོས་དེ་ལྟར་ལབ།

    “རྒན་མོས་བྱིས་པར་བཅངས་པའི་བརྩེ་བ་དྲོན་མོ་དེ་མཐོང་དུས། ངས་འདས་ཟིན་པའི་རང་ཉིད་ཀྱི་ཨ་མ་དྲན་བྱུང་། ངོ་མ། རྒན་མོ་དེས་ང་ལ་སེམས་འགུལ་ཐེབས་པའི་སློབ་ཚན་གཅིག་ཁྲིད་བྱུང་། དེ་ནི་ང་ལ་ཆ་མཚོན་ན། ཁེ་བཟང་ལས་ཀྱང་ལྷག ལྷག་པར་དུ། མི་ཞེས་པ་དངུལ་ཁོ་ནའི་ཆེད་དུ་འཚོ་བ་ཡིན་ན་དེར་དོན་དམ་པའི་སྙིང་པོ་ཅི་ཡོད”སྦྱིན་བདག་དེའི་གཤིས་ཀ་ཅུང་འཇམ་པས། ཁོས་ངག་འཇམ་པོས་དེ་ལྟར་བརྗོད།

    “ཧ་ཧ། དེང་སང་སྤྱི་ཚོགས་ཐོག་དངུལ་བྱུང་ན། ཁྱོད་ནི་ཕ་ཡིན། ཁྱོད་ནི་མ་ཡིན། ཁྱོད་ནི་དཔོན་ཡིན། ཁྱོད་ནི་ལྷ་ཡིན། འོན་ཀྱང་། ཁྱོད་ལ་དངུལ་མེད་ན། ཁྱོད་ནི་ཁྱི་ཡིན། ཁྱོད་ནི་གཡོག་ཡིན། ཁྱོད་ལ་གཞན་གྱི་རྩེད་ཆས་ཀྱི་རིན་ཐང་ཙམ་ཡང་ཡོད་པ་མ་རེད”མོས་སྐད་ཤུགས་ཆེན་པོས་དེ་ལྟར་བཤད་ཅིང་། སྐད་ཆ་དེ་དག་ཤོད་དུས་མོའི་གདོང་གི་ནམ་མཁའི་ཁྱོན་ལ་ཁོང་ཁྲོའི་མཚམས་སྤྲིན་དམར་པོ་ཞིག་གིས་ཡོངས་སུ་བསྒྲིབས་འདུག

    “ང་གཉིས་ཀྱི་འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ་ཐ་དད་རེད་འདུག ང་གཉིས་མཉམ་དུ་འཚོ་བ་བསྐྱལ་ན། དོན་དམ་པའི་བདེ་སྐྱིད་འཐོབ་མིན་ང་ལ་དོཌ་པ་ཟ་འོངས”

    “བདེ་སྐྱིད་མེད་ན་ཤ་ཁག་ཁག་དང་གྲི་སོ་སོ་བྱས་ན་འགྲིག”

    “ང་དང་འཚོ་བ་སྐྱེལ་འདོད་མེད་ན། ཁྱོད་མར་སོང”སྦྱིན་བདག་ཅུང་ཟད་ཁྲོས་པ་འདྲ།

    “ཧིན། རྒྱུགས་ཟེར་ན་ཕྱིན་ཆོག”སྦྱིན་བདག་གི་དགའ་རོགས་དེས་དེ་ལྟར་ཟེར་བཞིན་སྤོབས་ཉམས་ཆེན་པོས་འཇུར་རྟ་རྟིང་ཙོག་དེའི་ཀྲག་ཀྲག་གི་སྒྲ་དང་བསྡོངས་ནས་ཕྱི་ལ་སོང་།

    དེ་ནས་དུས་ཡུན་ཅུང་ཟད་འདས་རྗེས། ཟ་ཁང་འདིར་མིག་ཤེལ་ནག་པོ་བཏགས་པ། གདོང་པ་དཀར་ཞིང་སྒོར་བ། ཚོང་རྟགས་གྲགས་ཅན་གྱི་ཀོ་བའི་སྟོད་གོས་གྱོན་པའི་བུད་མེད་དར་མ་ཞིག་གིས་བྱིས་པ་ཞིག་ཁྲིད་ནས་སླེབས་བྱུང་། མོས་མིག་ཤེལ་ནག་པོ་དེ་མར་ཕུད་ནས་སྦྱིན་བདག་གི་གམ་དུ་ཕྱིན་ཏེ་ཁོའི་ལག་པ་ནས་འཇུ་ཞོར། “སྐུ་ཁམས་བཟང་། ང་ནི་ཧང་ཏུང་ཀུང་སིའི་སྦྱིན་བདག་ལིའུ་ཧྲན་ཧྲན་ཡིན། ངས་ཁྱོད་ཀྱི་ཟ་ཁང་དེ་ལ་མ་རྩ་འཇོག་འདོད་ཡོད”ཅེས་བཤད་དེ། བྱིས་པ་ཁྲིད་དེ་འཇིབ་ཆུང་བསྐོར་ནས་ལྡིར་སྒྲ་དང་བཅས་གནས་དེ་ལས་གྱེས་སོང་།

    སྐབས་དེ་དུས་དུས་ཚོད་མཚན་མོའི་ཆུ་ཚོད་གཉིས་པར་ཐོན་འདུག ངེད་གཉིས་པོས་ཀྱང་ཟ་ཁང་ནས་གྱེས་ཏེ་ཐད་ཀར་རང་རང་གི་མལ་ཤག་ཏུ་ལོག ལམ་བར་དུ། ངའི་ཡིད་ཀྱི་ཨ་སྔོན་ཡངས་མོར་རྒན་མོ་དང་སྦྱིན་བདག་གཉིས་པོའི་གཡོ་ཟོལ་བྲལ་བའི་མིག་ཟུང་དང་། འཛུམ་མདངས་ཀྱིས་ཕྱུག་པའི་རྣམ་འགྱུར་དྲོན་མོ་ཡང་ནས་ཡང་དུ་ལྡིང་འཁོར་རྒྱག་གིན་འདུག

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001390089541