བོད་ལྗོངས།
བདེ་སྐྱིད།

    རྩོམ་པ་པོ་བསོད་ནམས་ཚེ་རིང་།

    བདེ་སྐྱིད་ནི་ཅི་ཞིག་རེད། བདེ་སྐྱིད་ནི་རྒྱུ་ཡོད་པ་དང་། དབང་ཡོད་པ། བདེ་ཐང་ཡོད་པ། འཆམ་མཐུན་ཡོད་པ་དེ་ཁོ་ན་ཡིན་ལ་དེ་དག་ཀྱང་ཁོ་ན་མ་ཡིན། བདེ་སྐྱིད་ནི་རྙེད་པ་འཐོབ་པ། ཤེས་ཡོན་འབྱོར་བ། བསམ་དོན་འགྲུབ་པ་དག་ཁོ་ན་ཡིན་ལ་དེ་དག་ཀྱང་ཁོ་ན་མ་ཡིན། བདེ་སྐྱིད་ལ་འཛིན་པའི་གཟུགས་མེད། མཉན་བྱའི་སྒྲ་མེད། བསྣམ་བྱའི་དྲི་མེད། མྱང་བྱའི་རོ་དང་རེག་བྱའང་མེད། བདེ་སྐྱིད་ནི་སྟོང་གསུམ་གྱི་ཁམས་ཆེན་པོའི་གསང་བ་དེ་ལྟར་ཀུན་གྱིས་གང་འཚམ་རྟོགས་པར་རློམས་ཀྱང་དོན་ལ་ཕལ་ཆེར་རྟོགས་མེད་པའི་དངོས་པོ་ཡ་མཚན་ཅན་ཞིག་རེད།

    བདེ་སྐྱིད་ནི་འཚོལ་གྱིན་འཚོལ་གྱིན་འཚོལ་མཁན་རྨོངས་པར་བྱེད་པའི་གབ་རེས་ཡིབ་རེས་ལ་དགའ་བའི་བྱིས་པ་པྲ་ཚགས་ཅན་ཞིག་རེད། བདེ་སྐྱིད་ནི་འཚོལ་གྱིན་འཚོལ་གྱིན་བརླག་པར་ཉེན་པའི་ལག་མཐིལ་ནང་གི་བྱེ་མའི་འཆང་བུ་ཞིག་ཡིན། བདེ་སྐྱིད་འཚོལ་ཕྱིར། བདེ་སྐྱིད་འཚོལ་བའི་ལམ་དུ་སྐྱེ་འགྲོ་མང་པོ་བདེ་སྐྱིད་མ་རྙེད་པར་རྒས་སོང་ཟེར། བདེ་སྐྱིད་འཚོལ་ཕྱིར། བདེ་སྐྱིད་འཚོལ་བའི་ལམ་དུ་སྐྱེ་འགྲོ་མང་པོ་བདེ་སྐྱིད་བོར་ནས་བདེ་སྐྱིད་འཚོལ་གྱིན་འདུག་ཟེར།

    ཁ་སང་ཉི་ཁུག་ཞིག་ན་མི་མང་པོ་འཛོམས་ནས་བདེ་སྐྱིད་ཇི་ལྟར་འཚོལ་ཚུལ་ལ་གླེང་མོལ་བྱེད་ཀྱིན་འདུག གྲོང་གསེབ་པ་དེས་དེང་སང་བདེ་སྐྱིད་གྲོང་ཁྱེར་ལ་ཡོད་རྒྱུ་རེད། གྲོང་གསེབ་ན་མི་འདུག་ཟེར། ཡང་གྲོང་ཁྱེར་བ་དེས་བདེ་སྐྱིད་གྲོང་ཁྱེར་ན་མི་འདུག་ཁྱོད་ཚོའི་གྲོང་གསེབ་ན་སླེབས་ཡོད་ཀྱི་རེད་ཟེར། དེའི་སྐོར་ལ་མི་ཚོས་རང་རང་གི་བསམ་ཚུལ་གླེང་ཞིང་འུར་ཆིལ་ལེ་བསྡད་པའི་སྐབས་འདིར། ལོ་ཟླའི་ཆུ་རིས་དཔྲལ་བར་གསལ་ཡང་སྤྱན་གཉིས་ཀྱི་གྲུང་ཤ་ཨེན་ཙམ་ཡང་མ་ཉམས་ཤིང་། ཞལ་རས་སྣུམ་བག་དང་ལྡན་པའི་རྒད་པོ་དེས། ཨ་ལས། འོ་ན་བདེ་སྐྱིད་ནི་གྲོང་གསེབ་དང་གྲོང་ཁྱེར་གཉིས་ཀྱི་ལམ་བར་ན་ཡོད་རྒྱུ་རེད་ཅེས་ཞལ་ཤོབ་ཚ་མདོག་གིས་སྨྲས་པས་ཚང་མ་ཧབ་ཆ་དི་རེར་གྱུར། དེ་ནས་རྒད་པོ་དེས། ཨ་ལ་ཀུ་རེ་ཡིན། བདེ་སྐྱིད་ནི་གྲོང་ཁྱེར་དང་གྲོང་གསེབ་གཉིས་ཀ་ན་ཡོད་རེད། བདེ་སྐྱིད་ནི་འཚོལ་དགོས་པ་མ་རེད་ཚོར་དགོས་པ་རེད། དེ་ནི་ཆེས་སྟབས་བདེ་མོར་རྙེད་ཐུབ་པ་ཞིག་རེད་ཅེས་ནན་ནན་གྱིས་སྨྲས་སོང་། དེར་ཡོད་མི་རྣམས་འགའ་རེས་ནི་ད་གཟོད་ཅི་ཞིག་ཧ་གོ་བ་ལྟར་མགོ་བོ་ལྕོག་ལྕོག་བྱེད་ཀྱིན་འདུག་ལ། ལ་ལ་ད་དུང་ཡང་རྒད་པོའི་ངོ་ལ་ལྟ་བཞིན་ཧད་དེ་ལུས་ལུགས་ལ་བལྟས་ན་མགོ་བོ་གདུགས་ལྟར་འཁོར་གྱིན་ཡོད་པ་འདྲ།

    སྐབས་དེར་ང་རང་གི་སེམས་ལ། མྱོང་ཅན་རྒན་པོའི་གཏམ་དེ་ཅིས་མི་བདེན། དོན་ལ་ཀུན་གྱིས་སྨོན་ཞིང་ཀུན་གྱིས་རེ་བའི་བདེ་སྐྱིད་ནི། འཇིག་རྟེན་པ་ཞིག་ལ་ལྟོས་ན་ལྟོ་གོས་གཏམ་གསུམ་སོགས་ཀྱི་ཕྱིའི་རྐྱེན་ཞིག་ལ་རག་ལུས་ཡོད་པ་ནི་བདེན་ཡང་། དེ་བས་ཀྱང་ནང་སེམས་ཀྱི་ཆོ་འཕྲུལ་གཡོ་སྟངས་ཤིག་དང་། སེམས་བསམ་པའི་འཛིན་སྟངས་ཤིག་དང་དམ་པོར་འབྲེལ་ནས་ཡོད་པ་རེད་ཨང་སྙམ་བྱུང་།

    ཞོགས་པ་ཡར་ལ་ལངས་དུས་མགོ་ནས་རྐང་མཐིལ་བར་བདེ་ཐང་ཡིན་ན། དེ་ནི་ཁྱོད་ཀྱི་བདེ་སྐྱིད་ཅིག་ཡིན། ཁྱིམ་གྱི་ཐབ་འགྲམ་ནས་ཨ་མས་བསྐོལ་བའི་རྩམ་ཐུག་ཚ་པོ་འཐུང་ཞིང་ཉིན་གཅིག་གི་བྱུང་བ་རྫོགས་རྒྱུ་མེད་པར་གླེང་བ་ནི་བུ་ཕྲུག་གཅིག་གི་བདེ་སྐྱིད་ཡིན། གཅེས་ཕྲུག་ཚོས་རི་མོ་བཀྲ་བའི་མིག་ཟུང་གདོང་ལ་གཏད་དེ་ཨ་མ་ཞེས་འབོད་བཞིན་བེའུ་རྡང་ལས་བཏང་བ་བཞིན་རྒྱུགས་འོངས་བ་ནི་ཨ་མ་ཞིག་གི་བདེ་སྐྱིད་ཡིན།

    དོན་དམ་པར། བདེ་སྐྱིད་ནི་གནམ་ནས་ཟགས་པ་མིན་ལ། ས་ནས་སྐྱེས་པ་ཡང་མིན། བདེ་སྐྱིད་ནི་གང་ཟག་ཡོད་དོ་ཅོག་གི་ཐུང་མོང་གི་དངོས་གྲུབ་སྟེ། འགྲོ་མ་མི་རེ་ངོ་རེའི་རྐང་འོག་ན་བདེ་སྐྱིད་འཚོལ་བའི་ལམ་བུ་བདེ་བཤངས་ངེར་ཡོད་ལ། སྐྱེས་བུ་མི་རེ་ངོ་རེའི་མཛུབ་རྩེ་ན་བདེ་སྐྱིད་ཟེར་བའི་ནོར་བུ་རང་དབང་གིས་ལྡིང་ཡོད།

    བདེ་སྐྱིད་ལ་རྣམ་པ་སྣ་ཚོགས་པ་ཁྲི་མ་འབུམ་ཡོད་ཅིང་། ཡང་གཅིག་བཤད་ན་བདེ་སྐྱིད་ལ་རྣམ་པ་གཅིག་རང་ལས་མེད་དེ། ཁྱོད་ཉིད་བདེ་ཐང་དུ་འཚོ་བཞིན་པ་འདི་ཡང་བདེ་སྐྱིད་ཆེ་ཤོས་ཤིག་ལོས་ཡིན་ཨང་།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001390089691