བོད་ལྗོངས།
ང་ཚོ་སྟེ། ཞུམ་མེད་ཀྱི་མདུན་སྐྱོད་པ།

    མཐོ་རྒྱུགས་ལ་ཞུགས་མཁན་ན་མཉམ་གྱི་སློབ་གྲོགས་ཚོར།

    རྩོམ་པ་པོ་དུང་ཁྲག

    རེ་བའི་དབུ་ལ་རྨི་ལམ་གྱི་དུང་ཟླ་ཚེས་པ་ནས་བཟུང་།

    ང་ཚོས་ལམ་མ་ནོར་བར་མདུན་དུ་བསྐྱོད་པ་ཡིན།

    ཀྱག་ཀྱོག་མང་བའི་ལམ་ཕྲན་དེར་ཞུགས་པ་ནས་བཟུང་།

    ང་ཚོས་དཔའ་སྤོབས་ངང་གོམ་མཚམས་བཞག་མ་མྱོང་།

    ཆུང་དུས་སུ།

    ང་ཚོ་ནི་རེ་སྨོན་མཐའ་དག་སྦྲ་ནག་གི་མཐའ་ན་འཁོར་ཞིང་།

    ཕུགས་འདུན་ཡོད་ཚད་ནོར་གནག་གི་རྔ་མར་འདོགས་པའི་བྱིས་པ་སྣབ་ལུག་འགའ་ཡིན་སྲིད།

    དེ་དུས་ང་ཚོའི་སེམས་པ་འདི་དྭངས་གཙང་དང་གུ་ཡངས་ཡིན་ལ

    གུ་དོག་དང་ཉམ་ཆུང་ཡང་ཡིན།

    དེ་དུས་ང་ཚོའི་ལུས་འདི་མེ་ཏོག་དང་བསིལ་རླུང་གིས་སྤྲས་ལ།

    ལྕི་དྲི་དང་འདམ་བག་གིས་བཅིངས་པའང་ཡིན།

    གང་ལྟར་དེ་དུས་ང་ཚོས་ལམ་འདི་བདམས་མེད་པ་རེད།

    དུས་ཚོད་ལ་བཏགས་པའི་ལུས་ཀྱི་ཕྱི་ནང་།

    དཔྱིད་ཀའི་ལྗང་མྱུག་ལྟར་འབུས་པ་དང་བསྟུན་ནས།

    ང་ཚོས་རིག་གནས་ཀྱི་ལྡིང་ཁང་ལ་གོམ་ཁ་རེ་རེ་བཞིན་བསྒྱུར་བ་རེད།

    ཡང་ན སྙིང་རུས་དང་ཡིད་ཆེས་མ་བོར་བར་འགག་སྒོ་གང་མང་ཞིག་བརྒྱུད་ནས་མདུན་དུ་བསྐྱོད་པ་རེད།

    ད་ལྟ ང་ཚོར་རྨི་ལམ་ཡོད་ལ། ཕུགས་འདུན་ཡོད།

    ཁ་ཕྱོགས་ཡོད་ལ། སྙིང་སྟོབས་ཡོད།

    ང་ཚོ་ནི་ལག་ནས་རལ་གྲི་མི་ལྷུང་བའི་འཐབ་མོ་བ་དེ་ཚོ་ཡིན།

    ད་ལྟ་ང་ཚོས་རེ་བའི་མེ་ཏོག་གང་མང་ལུས་ལ་བཏགས་ཡོད་པས།

    ང་ཚོ་ངེས་པར། ཕ་རོལ་གྱི་རྩྭ་ཐང་དེར་བསླེབ་དགོས།

    ད་ལྟ་ང་ཚོ། རྨི་ལམ་གྱི་ལ་ཁ་དེ་ནས་བརྒལ་དགོས་ཕྱིར།

    ང་ཚོ་གཏན་ནས་ཐང་ཆད་མི་རུང་།

    ང་ཚོ་ནི་ཞུམ་མེད་ཀྱི་མདུན་སྐྱོད་པ་དེ་ཚོ་ཡིན་དགོས།

    ང་ཚོ་ནི་ཞུམ་མེད་ཀྱི་མདུན་སྐྱོད་པ་དེ་ཚོ་ཡིན་ནོ།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001390657891