བོད་ལྗོངས།
སྒྲའི་བཤད་པ།

    འབྲེ་ཡིད་གཞུངས།

    ཟིན་དང་མ་ཟིན་འབྱུང་བ་ལས་སྐྱེས་པའི། །

    སྟོན་དང་མ་སྟོན་སྣ་ཚོགས་གྲགས་པའི་ཆོས། །

    སྙན་དང་མི་སྙན་རྣ་བའི་སྤྱོད་ཡུལ་དུ། །

    གྱུར་བའི་དངོས་གང་དེ་ལ་སྒྲ་ཞེས་གྲགས། །

    སྐད་དང་ཡི་གེ་ཀུན་གྱི་ངོ་བོ་སྟེ། །

    སྐྱེ་གནས་བརྒྱད་ལས་སྐྱེས་པའི་ཆོས་ཀུན་ཡང་། །

    མཐོ་དམའ་གདངས་དང་འགྱུར་ཁུག་ཉམས་ཙམ་ལས། །

    ངོ་བོ་རང་བཞིན་སྒྲ་ལས་མ་འདས་སོ། །

    གདོད་ནས་གྲུབ་པའི་སྲིད་པ་འཇིག་རྟེན་འདི། །

    ཐོག་མའི་འབར་སྐད་ཆེན་པོ་གྲགས་པ་ལས། །

    རིམ་བཞིན་ཆགས་པར་ཕྱི་གླིང་མཁས་པས་བཤད། །

    དེ་ཕྱིར་ཕྱི་ཡི་འཇིག་རྟེན་སྒྲ་ལས་སྐྱེས། །

    ཟས་གཙང་སྲས་པོའི་མཛད་པ་བགྲང་མེད་ཀྱང་། །

    ཤེས་བྱའི་གནས་ལུགས་གསལ་བའི་གསུང་གི་རྒྱུན། །

    མཛད་པ་གཞན་བས་མཆོག་ཏུ་བསྔགས་པས་ན། །

    གསུང་དབྱངས་ཡན་ལག་དྲུག་ཅུའི་ངོ་བོའང་སྒྲ། །

    ཁ་བཤད་བདེ་ན་མི་ཡི་རྗེ་བོར་བཀུར། །

    ངག་སྒོ་མི་བདེ་འཁོལ་པོ་གཡོག་གི་གཞི། །

    ཚེ་རབས་འདི་སྣང་གོ་ཐོབ་ཆེ་ཆུང་ཡང་། །

    བདེ་དང་མི་བདེའི་སྒྲ་ཡིས་ཁྱད་པར་འབྱེད། །

    སློབ་དཔོན་ཆེན་པོའི་སྙན་པ་སྒྲ་ལས་བྱུང་། །

    གཏམ་བཤད་མཁས་པའི་འཚོ་བ་སྒྲ་ཡིས་སྦྱོར། །

    གླུ་གཞས་མཁས་པའི་སྟེགས་བུ་སྒྲ་ཡིས་གཤོམ། །

    སྒྲ་ཡི་ཆོ་གའི་འཚོ་ཐབས་མཐའ་ཡས་སོ། །

    བྱིས་པའི་ངུ་ངག་བཀྲེས་སྐོམ་སེལ་བའི་སྐྱབས། །

    སྤྲང་པོའི་སྨྲེ་ངག་ལྟོ་རྒྱབ་འཚོལ་བའི་གྲོགས། །

    ཁྱི་མོའི་ཟུག་སྐད་བདག་པོས་སྐྱོང་བའི་གཉེན། །

    སྒྲ་ལ་བརྟེན་ནས་སྐྱིད་སྡུག་འཚོལ་བ་མང་། །

    རི་མགོ་མཐོན་པོའི་རི་དྭགས་སྒྲ་ལ་ཆགས། །

    མི་གོ་མཐོན་པོའི་དཔོན་པོ་གཏམ་ལ་དགའ། །

    མི་དང་དུད་འགྲོའི་ཁྱད་པར་ཕྱེ་ན་ཡང་། །

    སྒྲ་ལ་ཞེན་པའི་ངང་ཚུལ་གཅིག་པར་མཐོང་། །

    སྟོད་ལ་དགའ་ཞིང་སྨད་པར་དོགས་ན་ཡང་། །

    སྟོད་སྨད་གཉིས་ཀྱང་སྒྲ་ཡི་ངོ་བོ་གཅིག །

    སྙན་པར་ཞེན་ཅིང་མི་སྙན་སུན་འབྱིན་ཡང་། །

    རང་རང་རྣམ་རྟོག་ཙམ་ལས་རང་བཞིན་སྒྲ། །

    འཇིག་རྟེན་འདི་ན་ཡིག་རིགས་མཐའ་ཡས་ཀྱང་། །

    སྒྲ་ལ་མ་བསྟེན་ཐམས་ཅད་རི་མོ་ཙམ། །

    སྒྲ་ནི་ཡི་གེ་ཀུན་གྱི་སྲོག་ཡིན་ཕྱིར། །

    སྐད་དང་མི་རིགས་མི་གཅིག་སྒྲ་ཡིས་འབྱེད། །

    འདོན་ཤེས་སྙན་པའི་ཚད་འཇོག་སྒྲའི་ཁྱད་ཆོས། །

    གོ་ན་མཁས་པའི་ཚད་འཇོག་སྒྲའི་ནུས་པ། །

    སྒྲ་ཡི་བྱེད་རྩོལ་མཁས་དང་མི་མཁས་པ། །

    འཇིག་རྟེན་འདི་ན་མཁས་བླུན་འབྱེད་པའི་གཞི། །

    མི་རྣམས་ཕྱུགས་ལས་ཁྱད་འཕགས་སྒྲའི་ཡོན་ཏན། །

    སྒྲ་ཡི་གནད་ཤེས་མཁས་པ་བླུན་ལས་གྲུང་། །

    སྒྲ་ཡི་རྩལ་ལ་བྱང་བས་དཔོན་ས་ཟིན། །

    སྒྲ་གདངས་སྙན་པ་ཀུན་གྱི་ཡི་གར་འོང་། །

    སྙན་པོ་རྣ་བའི་བུ་རམ་དེ་ཡིན་ལ། །

    གཟན་པོ་སྙིང་གི་གཟེར་བུའང་དེ་ཡིན་ཅིང་། །

    རྟོགས་ན་ཤེས་བྱའི་གཏེར་མཛོད་དེ་ཡིན་ལ། །

    མ་རྟོགས་རྣ་ཅོག་ཚ་བའང་དེ་ཡིན་ནོ། །

    རོལ་མོའི་སྒྲ་ལ་རི་དྭགས་གླ་བ་ཆགས། །

    གྲགས་སྐམ་སྒྲ་ལ་ཆེ་འདོད་ཅན་རྣམས་ཆགས། །

    གཅམ་བུའི་གཏམ་ལ་མི་ཆེན་དཔོན་པོ་ཆགས། །

    ཀུན་ཀྱང་སྒྲ་ཡིས་བྲིད་པའི་གཞན་དབང་ཅན། །

    སྐྱེ་གནས་གཅིག་ཀྱང་སྒྲ་གདངས་མི་གཅིག་པས། །

    དོན་གྱི་སྙིང་པོ་སྟོན་ལུགས་རྣམ་པ་མང་། །

    རྣ་ཤེས་ལྡན་ཡང་གོ་རུ་མི་གཏུབས་པ། །

    སྒྲ་ཡི་ཀློང་དུ་འདུས་པའི་གསང་བ་ཡིན། །

    འཛམ་གླིང་འདི་ན་སྐད་རིགས་མཐའ་ཡས་ཤིང་། །

    སྐད་རེའི་ནང་ན་ཤེས་བྱའི་མཚོ་མོ་བསྐྱིལ། །

    ཀུན་ཀྱང་སྒྲ་ཡི་བྱེད་པས་དོན་སྟོན་པ། །

    སྒྲ་ཡི་ནུས་པ་བརྗོད་པའི་མཐའ་ཡས་སོ། །

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391723841