བོད་ལྗོངས།
བྲག་གདོང་བཀྲས་གླིང་དབང་རྡོར་གྱི་ལྗགས་རྩོམ་ཁག་གཉིས།

    བྲག་གདོང་བཀྲས་གླིང་དབང་རྡོར།

    རྩོམ་སྒྲིག་པའི་སྦྲགས་མཆན།

    དབྱིན་ཡིག་གི་བརྩམས་ཆོས《ཧམ་ལེ་ཀྲེ》དང་། 《རོ་མེའོ་དང་ཇུ་ལི་ཀྲི》ཞེས་པ་བོད་ཡིག་ཏུ་ཕབ་སྒྱུར་དང་། བོད་ཡིག་གི་བརྩམས་ཆོས《ཚངས་དབྱངས་རྒྱ་མཚོའི་མགུར་གླུ》དང་། གླིང་སྒྲུང《འཛོམས་པའི་ཞྭ་བཤད》དབྱིན་ཡིག་ཏུ་ཕབ་སྒྱུར་གནང་མཁན་ལོ་ཙཱ་བ་ཆེ་མོ་དང་། སྒྲུང་གཏམ《བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད》གསར་རྩོམ་གནང་མཁན་གྱི་རྩོམ་པ་པོ་བྲག་གདོང་བཀྲས་གླིང་དབང་རྡོར་ལཌ་ནི་ལྗོངས་ཕྱི་ནང་དང་། རྒྱལ་ཕྱིའི་ས་ཁུལ་ཁག་གཅིག་ཏུའང་གྲཌ་པ་ཆོད་པའི་བོད་ཀྱི་མཁས་དབང་བགྲེས་གྲས་ཤིག་ཡིན་ཞིང་། ད་ཆ་ཁོང་དགུང་ལོ་87ཏག་ཏག་ལ་ཕེབས་ཟིན་མོད། འོན་ཀྱང་ཁོང་གིས་བོད་ཀྱི་རིག་གནས་དང་ཁྱད་པར་དུ་རྩོམ་རིག་བྱ་གཞག་ལ་དོ་ཁུར་མཛད་པའི་ཐུགས་རིག་དང་ལྷག་བསམ་ལ་གཡོ་འགུལ་སྤུ་ཙམ་ཡང་ཐེབས་མེད་པ་ནི་མི་རྣམས་སེམས་འགུལ་ཐེབས་འོས་པ་ཞིག་དང་། གུས་བཀུར་ཡི་རངས་ཞུ་འོས་པར་གྱུར།

    ཉེ་ཆར་མཁས་དབང་བགྲེས་སོང་ཁོང་གིས་སྤྱན་ཟུང་དེ་ཙམ་གསལ་པོ་མེད་ཀྱང་། ཐུགས་རིག་བསྒྲིམས་ནས་རང་ཉིད་ཀྱི་བརྩམས་ཆོས་ཁག་གཉིས་འདི་ག་རྩོམ་སྒྲིག་ཁང་དུ་ངོ་བཅར་གྱིས་གནང་བས། ངེད་ཚོས་འདི་གར་ཕྱི་རབས་པ་ཚོས་ཁོང་གི་སྙིང་སྟོབས་ལ་སློབ་སྦྱོང་ཞུ་ཕྱིར་བརྩམས་ཆོས་འདི་གཉིས་བཀོད་ཡོད་པས་དགྱེས་གཟིགས་འཚལ།

    ཚིགས་བཅད་སྐོར་གླེང་བ།

    བོད་སྲོལ་ཚིགས་བཅད་ཀྱི་འབྲི་སྲོལ་ལྟར་ན། ཚིག་མཇུག་གི་ཡི་གེའི་སྒྲ་གདངས་མཚུངས་དགོས་རྒྱུར་དོ་སྣང་དེ་ཙམ་མི་ཆེ་བས། རྒྱ་བོད་ཤན་སྦྱར་ནང་འཁོད་པའི་ཚིག་མཐའི་སྒྲ་རྒྱན་ཞེས་པ་ལྟར་རང་རེས་ཚིག་མཐའི་སྒྲ་རྒྱན་སྦྱོར་བའི་ཐད་ཤུགས་ཤིག་བརྒྱབ་ན་སྙན་ངག་གི་ཉམས་འགྱུར་དེ་བས་དོད་དུ་འགྲོ་ངེས་སྙམ།

    ངེད་ནི་སྙན་ངག་གི་ཤེས་བྱར་དམན་ཞིང་། ད་བར་བོད་ཡིག་ནས་ཚིག་ལྷུག་གི་རྩོམ་ཡིག་སྤེལ་མི་ཉུང་ནའང་། ཚིགས་སུ་བཅད་པའི་རྩོམ་ཡིག་ཤོ་ལོ་ཀ་རེ་ཟུང་ལས་འབྲི་མ་མྱོང་ལ། དེ་དག་ཀྱང་གཞན་ལ་ལད་མོ་བྱས་པ་ཙམ་མོ། འོན་ཏེ་ཁོ་བོས་ཚིགས་སུ་བཅད་པ་རེ་ཟུང་རྩོམ་སྐབས། སེམས་ནང་ཚིག་མཐའི་སྒྲ་རྒྱན་སྦྱོར་རྒྱུ་དེ་གལ་ཆེན་པོ་འདུག་སྙམ།

    དེ་ནས་ལོ་འགའི་གོང་《ཀ་བཤད་བུང་བའི་དགའ་ཚལ》གྱི་རྩོམ་པ་པོ་རྒན་ལྷུན་རྣམ་ལགས་སྐུ་འཚོ་བཞུགས་སྐབས་ཁོ་བོས་ཆེད་བཅར་གྱིས་ཞུས་དོན། སླད་ཕྱིན་ཕྱི་རབས་པ་རྣམས་ལ་ཀ་བཤད་འབྲི་བདེའི་ཕྱིར། ཀ་མད་སུམ་ཅུ་རེ་རེ་བཞིན་གྱི་ཐ་སྙད་སུམ་ཅུའི་འཇུག་པ་ཡོངས་རྫོགས་བསྡུས་པའི་དམིགས་བསལ་ཚིག་མཛོད་ཅིག་དགོས་པ་གལ་ཆེར་མཐོང་ཞེས་པས་ན། ཁོང་ན་རེ། ཁོ་བོའི་བསམ་ཚུལ་ཡག་པོ་འདུག་ཅེས་གསུངས་ཀྱང་རྗེས་སུ་སྐུ་ཚེས་མ་ཟིན་པས་སྨྱུག་གྲོགས་ཀྱིས་དེའི་ཐད་དགོངས་པ་བཞེས་རྒྱུ་སྟོང་བསམ་ཙམ་དུ་གྱུར། དེ་ལྟར་ཡང་སྐབས་དེ་དུས་ཁོ་བོས་ཀ་མད་སུམ་ཅུའི་མ་འོངས་ཚིག་མཛོད་དེར་མགོ་བརྗོད་འདི་འདྲ་ཞིག་བྲིས་པ་འདི་ལྟ་སྟེ། ཀ་མད་སུམ་ཅུར་ཀ་བཤད་འབྲི་བདེའི་ཕྱིར། །ཁ་བའི་ལྗོངས་འདིའི་ཕྱི་རབས་ཕོ་མོ་སྤྱིར། །ག་དགོས་སྐབས་སུ་ཚིག་མཛོད་ཆུང་ངུ་ཞིག །ང་ཡིས་འབུལ་ལམ་སོང་བ་གཤམ་དུ་གཟིགས། །ཞེས་པའོ། ཡང་ངེད་ནས་ལོ་བཅུ་གྲངས་སྔོན《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དུས་དེབ་ཐོག་སྒྲུང་ཐུང་ཞིག་སྤེལ་མྱོང་བའི་ནང་དོན་དུ། མགོ་བདེ་བར་གྲགས་པའི་ཡུལ་སྐོར་སྣེ་ཤན་པ། རང་མིང་དུ་སྲིད་བཞིར་གྲགས་པ་ཞིག་གིས་རང་ཉིད་རྒོད་པོའི་ཚུལ་དུ་ཡུལ་སྐོར་བའི་ལག་ནས་དངུལ་གང་བྱུང་དུ་ཧམ་ཟ་བྱེད་སྲོལ་ཐད། མགོ་བདེ་བའི་ཞྭ་མོ་བརླགས་ཞེས་པའི་དཔེ་བཞིན། ཁོ་པ་རྡ་ཡང་རྫུན་མ་དང་། ཤོག་ལོར་རྫུན་མའི་ནག་ཚོང་རྒྱག་མི་ཁྲམ་པ་འགའ་དང་ངན་འབྲེལ་དུ་ཚུད་མཐར་རང་སྲོག་དོར་ལ་ཁད་དུ་གྱུར་པའི་སྒྲུང་ཞིག་གི་བསླབ་བྱར། ངེད་ནས་ཤོ་ལོ་ཀ་འདི་འདྲ་ཞིག་ཕུལ་བ་འདི་ལྟར་རོ། བབ་ལྷིང་བརྟན་གསུམ་བྱ་བའི་སྲོག་རྩ་ཡང་། །བྱ་བ་དངོས་ནང་དེ་དག་དོར་པོ་མང་། །རྒོད་པོའི་ཚུལ་དུ་ཁྲམ་ཡང་དགེ་ལ་སྣང་། །འོན་ཀྱང་མཐའ་འབྲས་རང་གིས་བཏབ་ལྟར་ལངས། །ཞེས་སོ།

    ཞུ་དོན་སྙིང་པོར་གོང་གསལ་ཚིཌ་བཅད་ཤོ་ལོ་ཀ་གཉིས་པོའི་མཐའ་རུ་ཚིག་མཐའི་སྒྲ་རྒྱན་ལས་བརྒྱན་འགྱུར་ན། སྙན་པའི་ཚིག་གི་ཉམས་དོད་དུ་འགྲོ་བའི་གྲོས་འགོ་དང་བསམ་ཚུལ་ཙམ་ཡིན་ཡང་། ངེད་རང་སྙན་ངག་ལ་དབང་གྲགས་ཡོད་པ་ཞིག་མིན་ཕྱིར། མ་འཐད་པ་ཡོད་ཕྱིར་བླང་དོར་ཡོད་པ་ཞུའོ།

    ཨ་ཁུ་སྟོན་པ།

    འཕན་པོ་རིག་པའི་འབྱུང་གནས་ལ། །ཨ་ཁུ་སྟོན་པའི་དགོས་པ་མེད། །ཅེས་པའི་སྒྲུང་གཏམ་ཚིགས་བཅད་དུ། །བྲག་གདོང་བཀྲས་གླིང་དབང་རྡོར་ནས། །ཨ་ཁུ་སྟོན་པ་སྤྲུལ་པར་དད། །གངས་ཅན་རིག་པའི་རྒྱལ་པོར་དད། །གང་དུ་ཞབས་བཅག་ཡུལ་དེ་རུ། །བཀྲ་བའི་རིག་པ་ཁྱབ་པར་མཛད། །ཉིན་གཅིག་འཕན་པོར་ཕེབས་ཞེས་ཟེར། །དེ་ཉིན་གནམ་དྭངས་ཉི་མ་སྐྱིད། །འཕན་པོའི་ཕྱུགས་རྫི་བྱིས་པའི་ཁྱུ། །གྱོན་གོས་ཡོངས་ཕུད་ཆུ་ནང་རོལ། །ཨ་ཁུས་ཚུལ་དེ་གཟིགས་པས་ན། །སྤྱང་ཞིག་བསླབ་པའི་འདོད་ཚུལ་ལས། །དེར་འདུས་བྱིས་པའི་ཁྱུ་ཚོགས་ལ། །འདི་སྐད་གསུངས་ཞེས་བཤད་པར་བྱ། །ཁྱོད་ཚོའི་ཁྲོད་ལས་སུ་རུང་ལས། །ལོ་འཁོར་བཅུ་གཉིས་བརྗོད་ཐུབ་ཚེ། །དེ་ལ་ང་ཡིས་རྫ་ར་སྦྱིན། །ཅེས་གསུངས་རྫ་ར་དགུང་དུ་འཕྱར། །བྱིས་པའི་ཁྱུ་ལས་ཕུལ་བྱུང་ཞིག། དེ་འཕྲལ་ཕྱིར་ཐོན་སྐད་གསང་གིས། །མགྲིན་པ་བསྟོད་ཅིང་རང་བཞིན་དུ། །འདི་ལྟར་སྨྲས་ཞེས་གཏམ་དུ་གྲགས། །རྟ་ལུག་སྤྲེལ་དང་བྱ་ཁྱི་ཕག །བྱི་བ་གླང་སྟག་ཡོས་འབྲུག་སྦྲུལ། །རྒད་པོའི་རྫ་ར་ང་ལ་ཧབ། །ཅེས་སྨྲས་ཨ་ཁུའི་རྫ་ར་འཕྲོག། སྤྱང་གྲུང་སློབ་རྒྱུ་ཕ་ལྟར་ཞོག །ཨ་ཁུའི་ཉིན་དེའི་རྫ་རའང་ཤོར། །རིག་པའི་རྒྱལ་པོ་ཁ་སྐྱེངས་སུ། །སླར་ཡང་སྤྱང་ཞིག་སློབ་པར་བརྩམས། །ཨ་ཁུའི་མཐུ་སྟོབས་རྫུ་འཕྲུལ་ལས། །ནམ་མཁར་སྤྲིན་ནག་འཁྲིགས་པར་མཛད། །དམར་ཧྲེང་བྱིས་པའི་ཁྱུ་ཚོགས་ལ། །དྲག་ཏུ་འཁྲུག་པའི་སེར་བ་ཕབ། །འོན་ཀྱང་བློ་གསལ་བྱིས་པའི་ཁྱུས། །དེ་འཕྲལ་ཆུ་ནང་འཛུལ་མ་ཐག །སླེལ་པོའི་ཆར་ཁེབས་མགོ་བོར་གྱོན། །དྲག་པོའི་སེར་བ་ལྡོག་པར་བྱས། །ཨ་ཁུ་རིག་པའི་རྒྱལ་པོ་ཉིད། །བློ་གསལ་འཕན་པོའི་བྱིས་པའི་མདུན། །སྤྱང་གྲུང་སློབ་རྒྱུ་ཕ་ལྟར་ཞོག །སེར་བས་རང་ཉིད་ཡོངས་སུ་བརླན། །ཨ་ཁུ་ཧ་ལས་ཧོན་ཐོར་དུ། །འཕན་པོ་རིག་པའི་འབྱུང་གནས་ལ། །ཨ་ཁུ་སྟོན་པའི་དགོས་པ་མེད། །ཅེས་པའི་གཏམ་འདི་དབང་མེད་ཐལ། །

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391913431