བོད་ལྗོངས།
ང་ཚོའི་གཅེན་པོ།

    རྩོམ་པ་པོ་དབུ་རུ་དོན་འདུར།

    མི་ཚང་མས་རང་ཉིད་ཀྱི་ཕ་མ་གཉིས་དང་དགེ་རྒན་ནི་འཇིག་རྟེན་འདིའི་ཐོག་གི་མི་སྣ་བཀའ་དྲིན་ཆེ་ཤོས་རྣམས་རེད་ཅེས་གསུངས་ཀྱི་ཡོད་ལ། རང་ཉིད་ཀྱི་འཚོ་བའི་ནང་ནས་ཀྱང་དེ་དག་གི་བཀའ་དྲིན་ཤིན་ཏུ་ཆེ་བ་ཚོར་རྒྱུ་ཡོད། ང་ཚོ་ལ་ཁོང་རྣམས་དང་འདྲ་བའི་བཀའ་དྲིན་ཅན་གྱི་མི་གཞན་ཞིག་ཀྱང་ཡོད་པ་ནི། ང་ཚོའི་གུས་པར་འོས་པའི་གཅེན་པོ་རེད།

    དགུང་ལོ་སུམ་ཅུ་སོ་བརྒྱད་ལ་ཕེབས་ཙམ་གྱི་ཕ་དམ་པ་མི་ཡུལ་ནས་ཁ་བྲལ་བ་དང་། ཁོང་ཞལ་གྱེས་པའི་ལོ་དེར་གཅེན་པོ་དགུང་ལོ་བཅུ་གསུམ་ལ་ཡང་སླེབས་མེད་པ་དང་། གཅུང་མོ་ཆུང་ཤོས་ཨ་མའི་ཁོག་པའི་ནང་ཡོད་ཅིང་། ཨ་མ་ལགས་དགུང་ལོ་སུམ་ཅུ་སོ་གྲངས་ལ་སླེབས་ཙམ་རེད། པཱ་ལགས་འཇིག་རྟེན་དཀར་ངོགས་ནས་ཞལ་གྱེས་པ་ནས་བཟུང་ཁྱིམ་གྱི་ཕྱི་ནང་གང་སར། ཨ་མ་དང་གཅེན་པོའི་བྲེལ་འཚུབ་ཆེ་བའི་གཟུགས་བརྙན་མཐོང་རྒྱུ་ཡོད་ཅིང་། ཁོང་རྣམས་ཀྱིས་འབད་བརྩོན་ལ་བརྟེན་ནས་ང་ཚོ་གཅེན་གཅུང་བདུན་པོ་མི་ཡུལ་དུ་རྐང་པ་བཙུགས་ཐུབ་ཙམ་བྱུང་བ་རེད།

    བྱིས་པ་མང་ལ་ཁྱིམ་འཁོས་ཧ་ཅང་ཞན་པའི་ལོ་ཟླའི་ནང་། གཅེན་པོས་ཤར་རྒྱུག་ནུབ་རྒྱུག་བྱས་ཏེ་རྩམ་པ་གཡར་བའི་དུས་ཚོད་རེ་རེ་དང་། མཐོང་གཤོལ་བཟུང་ནས་ཞིང་ཁ་རྨོ་བའི་སྣང་ཚུལ་རེ་རེ་ནི། གྲོག་མའི་སྒལ་སྟེང་དུ་དོ་པོ་ཆེན་པོ་ཞིག་འཁུར་ནས་ཡོང་བ་དང་ཨ་ན་མ་ན་རེད། ཨ་མའི་ཨམ་ཕྲག་ནས་རྟག་ཏུ་རུ་ཁག་གི་ལས་ཀའི་སྐབས་སུ་གཞན་གྱིས་སྟེར་བའི་ཕྱུར་སྐམ་དང་། བག་ལེབ་ནག་རིལ་དེ་ཚོ་ཟ་མ་ནུས་པར་དགོང་མོ་བྱིའུ་ཕྲུག་ང་ཚོའི་ཁ་ནང་དུ་བླུག་གི་ཡོད་ཅིང་། གྱོན་གོས་ནི་ཁོང་རང་ཉིད་ཀྱི་བཟོ་བཅོས་བྱས་པའི་རས་དང་བསླས་མ་སྣ་ཚོགས་རེད། རླབས་ཆེན་གྱི་ཨ་མ་དང་གཅེན་པོའི་འབད་བརྩོན་དང་བློས་གཏོང་ལ་བརྟེན་ནས། ང་ཚོ་གཅེན་གཅུང་རྣམས་བདེ་ཐང་ངང་འཚར་ལོངས་བྱུང་བ་དང་། གཅུང་མོ་གཉིས་མཐའ་གཅིག་ཏུ་སློབ་གྲྭར་བཏང་བ་མ་ཟད། ང་ཚོ་རྒན་གཞོན་ཚང་མའི་དོན་དུ་ཨ་མ་དང་གཅེན་པོའི་སེམས་ངལ་ནི་གཅིག་ལས་གཅིག་ལྷག་པར་སྣང་།

    པཱ་ལགས་སྐུ་འཚོ་བཞུགས་སྐབས་སུ་རིག་པ་སྤྱང་ལ་འཇོན་ཐང་ཆེ་བས་མང་ཚོགས་ཀྱི་འགོ་ཁྲིད་ཕུལ་བྱུང་ཞིག་ཡིན་པ་དང་། མང་ཚོགས་ཀྱི་དོན་དུ་ཤར་རྒྱུག་ནུབ་རྒྱུག་ལ་བྲེལ་ལ། མང་ཚོགས་ཀྱི་དོན་དུ་མིག་ཆུ་བཏང་བ་ཡང་ཐེངས་གཅིག་གཉིས་མ་རེད་ཅེས་ཡུལ་མི་ཚོའི་ངག་ལས་གོ་རྒྱུ་འདུག ཁོང་གིས་དེ་སྔ་ཀ་ཚལ་ཤང་གི་ཧྲུའུ་ཅི་བྱེད་མྱོང་བ་དང་། མང་ཚོགས་མང་དག་ཅིག་གིས་གདེང་འཇོག་ཆེན་པོ་གནང་གི་ཡོད་ནའང་། ཁོ་རང་ལ་གྲིབ་ནད་ཕོག་ཏེ་ནང་ལ་ལོག་དགོས་བྱུང་བ་དང་། དེ་ནས་བཟུང་སྐུ་མ་འདས་བར་དུ་ཞལ་ནས་རུ་ཁག་ཅེས་པའི་ཡིག་འབྲུ་གཉིས་ལས་འདོན་ཐུབ་ཀྱི་མེད། རུ་ཁག་ཅེས་པ་ནི་གྲོང་ཚོའམ་ཚོགས་ཆུང་དང་དོན་གཅིག་རེད།

    ད་ལྟ་ང་ཚོའི་གཅེན་པོ་ཡང་ཀ་ཚལ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིར་གྱུར་ཡོད་པ་དང་། པཱ་ལགས་དང་འདྲ་བར་ཏང་དང་མང་ཚོགས་ཀྱི་ཆེད་དུ་ཉིན་ལྟར་བྲེལ་བྲེལ་འཚུབ་འཚུབ་ཀྱིས་དུས་འདའ་བཞིན་ཡོད། ཁོང་གི་སྣེ་ཁྲིད་འོག་ང་ཚོ་གཅེན་གཅུང་བདུན་པོ་མཐུན་སྒྲིལ་ཆེ་ཞིང་ཁ་ཞེ་གཉིས་མེད་ཀྱི་ཕན་ཚུན་རོགས་རམ་བྱེད་པའི་རྣམ་པ་བཟང་པོ་ནི། ང་ཚོ་ཙམ་མ་ཟད་ཡ་རབས་ཁྱིམ་ཚང་མང་པོའི་མིག་དཔེ་རུ་གྱུར་ཡོད་པ་དང་། གྲོང་མི་ཚོས་ང་ཚོའི་འཇུངས་པ་མེད་པར་ཕན་ཚུན་རོགས་རེས་བྱེད་སྟངས་ལ་བསྟོད་པའི་མེ་ཏོག་སྟོར་ལ། ང་ཚོའི་ཁྱིམ་ལ་དཔལ་ཡོན་ལྡན་པའི་ཁྱིམ་ཚང་གི་མཚན་སྙན་ཐོབ་པ་དོན་དང་ལྡན་པར་སྙམ།

    གཅུང་མོ་རྒན་པའི་ཁང་པ་ཉོ་དུས་གཅེན་པོའི་སྣེ་ཁྲིད་འོག་གཅུང་མོ་གཉིས་ཀྱིས་སྒོར་ཁྲི་ལྔ་དྲུག་བསྡུས་ནས་སྟེར་བ་དང་། གཅེན་པོ་འབྲིང་བའི་ཁྱིམ་ཆས་ཉོས་པ་སོགས་དཔལ་འབྱོར་འགྲན་རྩོད་ཀྱིས་ཕུ་ནུ་དགྲ་རུ་འགྱུར་མང་བའི་གནས་སྐབས་སུ་ཡང་། ངའི་གཅེན་གཅུང་རྣམས་ཀྱི་བྱེད་སྟངས་ལ་ང་རང་ཡིད་སྨོན་ཆེན་པོ་སྐྱེས། གཅུང་མོ་གཉིས་རྒྱལ་ཁབ་ཀྱི་གཞུང་ཞབས་པར་གྱུར་པ་ནས་བཟུང་། ང་ཚོ་རྒན་གཞོན་ཚང་མར་དཔལ་འབྱོར་གྱི་རོགས་རམ་མང་པོ་བྱས་ཡོད་པ་དང་། གཅེན་པོ་བཟང་པོའི་ཡང་དག་པའི་བསླབ་སྟོན་ལ་བརྟེན་ནས། དབུལ་ཕོངས་རྗེས་ལུས་ཀྱི་སྐབས་སུ་འབྲེལ་བ་བྱེད་མ་ཐུབ་པའི་སྤུན་མཆེད་གཞན་མང་པོ་ཞིག་ལའང་འབྲེལ་ལམ་སླར་གསོ་བྱུང་ཡོད། གཅུང་མོ་རྣམས་ནི་བུ་མོ་ཡིན་ན་ཡང་གཅེན་པོ་དང་ཨ་མ། པཱ་ལགས་ཀྱི་ཀུན་སྤྱོད་བཟང་པོའི་ཞུན་བརྡར་ལ་བརྟེན་ནས། ག་དུས་མཉམ་དུ་འཛོམས་ནའང་ཕན་ཚུན་སུ་ལ་དཀའ་ངལ་ཡོད་ན་སུས་རོགས་པ་བྱེད་རྒྱུའི་འདོད་མོས་ལས། གོས་རྒྱན་དང་། མཛེས་སྡུག ཁྱིམ་འཁོས་སོགས་ལ་འགྲན་རྩོད་ཀྱི་རྣམ་པ་ཟུར་ཙམ་ཡང་མེད། ང་ཚོ་བུ་བཞི་ནི་དེ་བས་ཀྱང་ཟུར་དུ་གླེང་དགོས་དོན་གང་ཡང་མེད། ང་ཚོ་ཕན་ཚུན་མཐུན་སྒྲིལ་བྱུང་བའི་རྒྱུ་རྐྱེན་གཞན་ཞིག་ནི། ཚང་མའི་བཟའ་མི་བུ་ཕྲུག་རྣམས་ཀྱང་ཧ་ཅང་ལེགས་པོ་ཡོད་པ་དང་། ཁོ་ཚོས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པ་དང་ཁ་བྲལ་ཐབས་ག་ལ་ཡོད།

    ང་ཚོ་བུ་ཕྲུག་ཚོའི་ངོས་ནས་ཕ་མ་གཉིས་པོའི་བཀའ་དྲིན་གཞལ་དཀའ་བ་སྨོས་ཅི་དགོས། ལོགས་སུ་ང་ཚོས་ནམ་ཡང་གུས་བཀུར་བྱེད་དགོས་པའི་མི་ཞིག་ཡོད་པ་ནི། ང་ཚོའི་གུས་པར་འོས་པའི་གཅེན་པོ་ཡིན། གཅེན་པོས་ད་བར་དུ་ང་ཚོའི་དོན་དུ་སེམས་ཁྲལ་དང་སྐུ་ལས་ཚད་མེད་བསྐྱོན་ཡོད་ཅིང་། ད་ལྟའང་ང་ཚོའི་བྱ་བྱེད་མང་བའི་སྣང་ཚུལ་ལ་སེམས་ཁྲལ་དང་ཞེད་སྣང་བྱེད་བཞིན་ཡོད་ཅིང་། ང་ཚོའི་ཁྱིམ་ཚང་དང་འཚོ་བར་བཅངས་པའི་རེ་སྨོན་དང་། བདེ་སྐྱིད་ཀྱི་མེ་ཏོག་བཞད་པར་སྨོན་པ་ལས། ནམ་ཞིག་དཀའ་ངལ་གང་འདྲ་ཞིག་ཡོང་སྲིད་དམ་སྙམ་ནས། མཚམས་རེ་མཚན་མོ་གཉིད་མི་ཁུག་པའི་མུན་ནག་གི་དུས་ཚོད་དག་ལའང་བསམ་གཞིགས་ཀྱི་མགོ་བོ་ན་བཞིན་ཡོད་དོ།

    གཅེན་པོ་ལགས། མཚམས་རེ་ངས་ཁྱེད་ལ་ཁ་ལན་བསློག་པའི་སྣང་ཚུལ་རེ་ཡོད་སྲིད་མོད། དེའི་རྗེས་སུ་ང་རང་འགྱོད་སེམས་ཀྱིས་རབ་ཏུ་ཟིན་འགྲོ་བ་ཁྱེད་ཀྱི་ག་ལ་ཤེས། མ་ཟད་ངས་གཅེན་པོས་སྐད་ཆ་དྲག་པོ་ག་ཚོད་བཤད་ཀྱང་ཚང་མ་ང་རང་གི་ཆེད་དུ་ཡིན་པ་དང་ཤ་ཚའི་ཁ་ནས་གཏམ་སྙན་མེད་ཟེར་བ་ལྟར། ཤ་ཚའི་དྲན་སྐུལ་ཡིན་པ་ཤེས་ཀྱི་འདུག

    གཅེན་པོ་ལགས། ཁྱེད་ཀྱི་ང་ཚོའི་ཕ་མ་རྣམ་གཉིས་དང་འདྲ་བར། ང་ཚོའི་ཆེད་དུ་བློས་གཏོང་མང་པོ་གནང་ཡོད་པ་དང་། ང་ཚོ་གཅེན་གཅུང་བདུན་པོའི་དོན་དུ་ད་བར་སྐུ་ལས་ག་ཚོད་བསྐྱོན་པ་ནི། ང་ཚོ་ཚང་མའི་སེམས་ནང་གསལ་གསལ་ཐིང་ཐིང་ཡིན་པས། ང་ཚོས་ནམ་ཡང་གཅེན་པོ་ཁྱེད་ཀྱི་མིག་དཔེ་བཟང་པོར་སློབ་སྦྱོང་དང་ཕ་མ་དང་ཁྱིམ་ཚང་བཟང་པོའི་སྲོལ་རྒྱུན་དར་སྤེལ་བཏང་ནས། ང་ཚོ་གཅེན་གཅུང་གི་ལྷད་མེད་མཛའ་སེམས་དེ་ནམ་ཡང་མི་འགྱུར་རྡོ་རྗེ་བྲག་ལྟར་་བརྟན་པའི་བརྩོན་པ་ལྷོད་མེད་བྱེད་རྒྱུ་ཡིན་ནོ།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392256401