བོད་ལྗོངས།
སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བོད་ཡིག་དཔེ་ཀློག་སྦྱོང་བརྡར་ནན་དུ་གཏོང་བའི་སྐོར་མདོ་ཙམ་གླེང་བ།

    དེང་གི་ཆར་སློབ་གྲྭ་འབྲིང་ཆུང་གི་སློབ་མར་སྤྱིར་སློབ་སྦྱོང་གི་ལས་འགན་ལྕི་ལ་སྒོས་སུ་སྐད་རིགས་ཆེན་པོ་གསུམ་སྦྱོང་དགོས་པས། སློབ་སྦྱོང་གི་བྲེལ་བ་ཆེ་ལ་དཀའ་ངལ་ཡང་མི་ཉུང་བ་འཕྲད་ཀྱི་ཡོད། འོན་ཀྱང་བོད་རིགས་སློབ་མས་བོད་སྐད་ཡིག་གི་རྨང་གཞི་སྲ་བརྟན་ཞིག་འདིང་དགོས་པ་ནི་རྒྱལ་ཁབ་དང་མི་རིགས་ཀྱིས་སྤྲད་པའི་གཡོལ་དུ་མེད་པའི་གཟི་བརྗིད་ཀྱི་ལས་འགན་ཞིག་ཡིན་པས། རྩོམ་འདིར་རང་གི་མཐོང་ཐོས་མྱོང་གསུམ་གཙོ་བོར་བྱས་ཐོག མཁས་པ་གཞན་གྱི་གདམས་ངག་རྒྱབ་རྟེན་དུ་བྱས་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བོད་ཡིག་གི་དཔེ་ཀློག་སྦྱོང་བརྡར་ནན་དུ་གཏོང་བའི་སྐོར་ཅུང་ཟད་གླེང་བ་ཡིན་ལ། སྐྱོན་དང་ནོར་འཁྲུལ་སོགས་ཡོད་ན་དཔྱོད་ལྡན་ཀུན་གྱིས་བསམ་འཆར་ལྷུག་པོར་སྩོལ་བར་ཞུ།

    དང་པོ། དཔེ་ཀློག་གི་རྨང་གཞི་བརྟན་པོ་འདིང་དགོས།

    དཔེ་ཀློག་ཞེས་པ་སྤྱིར་མིག་གིས་ཡི་གེར་ལྟ་བ་དང་། རིག་པས་ཆ་འཕྲིན་བསྡུ་བ། དེ་རྗེས་ཁ་ནས་ཡི་གེ་འདོན་པ་བཅས་ཀྱི་བརྒྱུད་རིམ་ལ་ཟེར་ཞིང་། ཀློག་སྟངས་ལ་ལྟ་ཀློག་དང་གྱེར་ཀློག ཁོག་འདོན་སོགས་སྣ་ཚོགས་མཆིས། དཔེ་ཀློག་ལ་བྱང་ཆུབ་དགོས་ཚེ་དཔེ་ཀློག་གི་རྨང་གཞི་སྲ་ཞིང་བརྟན་པོ་ཞིག་འདིང་དགོས་ལ། དཔེ་ཀློག་གི་རྨང་གཞི་བརྟན་པོ་ཞིག་འདིང་བར་ངེས་པར་དུ་ཆུང་དུས་ནས་དཔེ་ཀློག་གི་སྦྱོང་བརྡར་ནན་པོ་བྱེད་དགོས། རང་རེའི་སློབ་མ་རྣམས་ལ་ཆ་མཚོན་ན་ལོ་རིམ་དང་པོ་ནས་སྦྱོར་ཀློག་སྦྱོང་བརྡར་དང་། ལོ་རིམ་གཉིས་པ་ནས་བསྡུས་ཀློག་སྦྱོང་བརྡར་བྱེད་ཀྱིན་ཡོད་པས། སྤྱིར་ཡིན་ན་སློབ་མ་ཕལ་ཆེ་བར་དཔེ་ཀློག་གི་རྨང་གཞི་ལེགས་ཙམ་འདིང་ཐུབ། ཡིན་ན་ཡང་རིག་པ་ཅུང་ཞན་པ་སོགས་ཀྱི་དབང་གིས་སློབ་མ་ཁག་གཅིག་གི་བོད་ཡིག་གི་དཔེ་ཀློག་སྦྱོང་བརྡར་ཚགས་ཚུད་མ་བྱུང་བས་བོད་ཡིག་གི་དཔེ་ཀློག་ཁྱར་ཁྱོར་དང་། བོད་ཡིག་གི་དཔེ་ཀློག་ལ་མི་དགའ་བ། བོད་ཡིག་གི་སྦྱངས་འབྲས་ཞན་པ། ཐ་ན་དམའ་འབྲིང་དུ་སླེབས་ནའང་བོད་སྐད་ཡིག་གི་དཔེ་ཀློག་ཆུ་ཚད་ཤིན་ཏུ་དམའ་བ་སོགས་ཀྱི་གནས་ཚུལ་ཡང་མིག་སྔར་མངོན་སུམ་དུ་གནས། སློབ་མ་དེ་དག་ལ་དམའ་འབྲིང་གི་སྐབས་སུ་ཆེད་དུ་དཔེ་ཀློག་གི་སྦྱོང་བརྡར་མང་དུ་བྱས་ཀྱང་དུས་སྐབས་ཡག་ཤོས་ཤོར་ཟིན་པས། བོད་ཡིག་གི་དཔེ་ཀློག་ནུས་པ་ཡར་རྒྱས་དང་འཕེལ་རྒྱས་འབྱུང་དཀའ་ལ། མཐར་དགེ་སློབ་གཉིས་ཀ་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་གྱར། དེས་ན་སློབ་ཆུང་ལོ་རིམ་དང་པོ་ནས་འགོ་བརྩམས་ཏེ་བོད་ཡིག་གི་དཔེ་ཀློག་སྦྱོང་བརྡར་ནན་པོ་བྱེད་དགོས་པ་མ་ཟད། སློབ་ཆུང་སྐབས་ཀྱི་ལོ་གསུམ་བཞི་རིང་ཀློག་འདོན་གཙོ་བོར་འཇོག་དགོས་ལ་ཀློག་འདོན་ཀྱི་རྒྱུགས་གཞི་ཡང་བཀོད་སྒྲིག་བྱེད་དགོས། གོ་སྐབས་དེ་ཤོར་ཚེ་སློབ་མ་གང་དེའི་བོད་ཡིག་གི་དཔེ་ཀློག་ནུས་པར་ཡར་རྒྱས་ཆེན་པོ་འབྱུང་དཀའ་ལ། དེར་བསྟུན་བོད་སྐད་ཡིག་གི་སྦྱངས་འབྲས་ཀྱང་ཕུལ་དུ་བྱུང་བ་ཞིག་ཐོབ་པར་དཀའ།

    བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ཁྲོད། ཀློག་འདོན་གྱི་སྦྱོང་བརྡར་ལ་ཧ་ཅང་གཙིགས་ཆེན་བྱེད་ལ། ཆེད་མངགས་དཔེ་ཀློག་གི་སྦྱོང་བརྡར་བྱས་རྗེས་ལོ་མཇུག་ཏུ་ཀློག་རྒྱུགས་ལེན་པ་དང་། གལ་སྲིད་རྒྱུགས་མ་འཕྲོད་ན་ཡང་བསྐྱར་ལོ་གཅིག་རིང་དཔེ་ཀློག་གི་སྦྱོང་བརྡར་བྱེད་པའི་སྲོལ་ཡོད། དཔེ་ཀློག་ལ་བྱང་ཆུབ་ཚེ་གཞི་ནས་སུམ་རྟགས་དག་གསུམ་སོགས་སློབ་པའི་སྲོལ་ཡོད། དེ་བས་ཆུང་བྱིས་པའི་དུས་ནས་བཟུང་། དཔེ་ཀློག་གི་རྨང་གཞི་ལེགས་པོ་ཞིག་འདིང་དགོས་ལ། སློབ་ཆུང་སློབ་མར་མཚོན་ན་རང་འགུལ་ངང་སློབ་སྦྱོང་གི་གོམས་གཤིས་སྤྱིར་ན་དབེན་ཞིང་། སློབ་སྦྱོང་གི་ཐབས་ལམ་ལའང་ངེས་ཤེས་ཆེན་པོ་འབྱུང་དཀའ་བས། དགེ་རྒན་གྱིས་ཡང་དག་པའི་ལམ་བུར་འཁྲིད་དགོས་ལ། ཁྱིམ་བདག་གིས་ཀྱང་གཞོགས་འདེགས་དམ་ཟབ་དང་སྐུལ་ལྕག་ཡང་ཡང་བྱེད་དགོས།

    མདོར་ན། སློབ་མའི་བོད་ཡིག་གི་ཆུ་ཚད་ཇེ་ལེགས་སུ་གཏོང་ཆེད། ཆུང་དུས་ནས་བཟུང་དགེ་རྒན་དང་སློབ་གྲྭ། ཁྱིམ་བདག་བཅས་ཚང་མས་ངོས་འཛིན་མཐོར་འདེགས་དང་ཕྱར་བ་གྲུ་འདེགས་ཀྱིས་བོད་ཡིག་གི་དཔེ་ཀློག་སྦྱོང་བརྡར་ནན་དུ་གཏོང་བ་ནི་ཤིན་ཏུ་དགོས་གལ་ཆེ།

    གཉིས་པ། 《སྐད་ཡིག་སློབ་ཚན་གྱི་ཚད་གཞི》སོགས་ལས་དཔེ་ཀློག་གི་བླང་བྱ་ཇི་ལྟར་འདོན་ཚུལ་གླེང་བ།

    སྐད་ཡིག་སློབ་ཚན་གྱི་སྤྱིའི་དམིགས་ཚད་ནང“མིང་མཛོད་སོགས་ཀྱི་རམ་འདེགས་ལ་བརྟེན་ནས་གོ་སླ་བའི་སྤྱིར་བཏང་གི་རྩོམ་གྱི་རིགས་ལྟ་ཀློག་བྱེད་ཐུབ་པ་དང་། རང་རྐྱ་ཐུབ་པའི་ལྟ་ཀློག་གི་ནུས་རྩལ་ལྡན་ལ། ཚོར་འདུ་ཉམས་སུ་མྱོང་བར་མཐོང་ཆེན་བྱེད་པ་དང་ཐོས་པ་ཅུང་ཕུན་སུམ་ཚོགས་པར་གསོག་ཅིང་། སྐད་ཚོར་སྐྱེན་པོ་ཡོང་དགོས། ལྟ་ཀློག་བྱེད་ཐབས་སྣ་ཚོགས་སྤྱོད་ཤེས་པ་དང་། རྩོམ་རིག་བརྩམས་ཆོས་ལ་གོ་བ་ལམ་ཙམ་ལོན་ཞིང་བྲོ་བ་ལམ་ཙམ་མྱོང་ཐུབ་པར་བྱས་ཏེ། དེ་ལས་བྱུང་བའི་རྨད་བྱུང་གི་བསམ་འཁྱེར་དང་ཞེན་མོས་ཀྱིས་བློ་བསྒྱུར་ནས་རང་གཤིས་འཕེལ་རྒྱས་དང་རང་ཉིད་ཀྱི་བསམ་བློའི་འཇིག་རྟེན་ཕུན་སུམ་ཚོགས་པར་གཏོང་དགོས་ཤིང་། ལོ་དགུའི་སློབ་ཕྱིའི་ལྟ་ཀློག་གི་སྤྱིའི་ཚད་ཚེག་ཁྱིམ་ཁྲི་250ལོངས་དགོས”ཞེས་ལོ་དགུའི་འོས་འགན་སློབ་གསོའི་ཁྲོད་སློབ་མ་རྣམས་ལ་བོད་སྐད་ཡིག་དཔེ་ཀློག་གི་ཆུ་ཚད་དང་སློབ་ཕྱིའི་དཔེ་ཀློག་གི་ཁ་གྲངས་མང་ཉུང་སོགས་གསལ་པོར་བཀོད་ཡོད་ལ། བྱེ་བྲག་གི་དམིགས་ཚད་ནང་ལོ་དགུའི་འོས་འགན་སློབ་གསོ་དེ་སློབ་རིམ་བཞི་ལ་ཕྱེ་ནས་ཞིབ་ཕྲའི་རེ་བ་བཀོད་ཡོད། དེ་ཡང་སློབ་རིམ་བཞི་ལ་དབྱེ་ཚུལ་ནི། ལོ་རིམ་དང་པོ་དང་གཉིས་པ་གཉིས་ནི་སློབ་རིམ་དང་པོ། ལོ་རིམ་གསུམ་པ་དང་བཞི་པ་གཉིས་ནི་སློབ་རིམ་གཉིས་པ། ལོ་རིམ་ལྔ་པ་དང་དྲུག་པ་གཉིས་ནི་སློབ་རིམ་གསུམ་པ། ལོ་རིམ་བདུན་པ་དང་བརྒྱད་པ། དགུ་པ་གསུམ་ནི་སློབ་རིམ་བཞི་པ་ཡིན་པ་རེད།

    སློབ་རིམ་བཞིའི་དཔེ་ཀློག་གི་དམིགས་ཚད་ཀྱང་ཞིབ་ཅིང་ཕྲ་བར་བཏོན་ཡོད་དེ། སློབ་རིམ་དང་པོར་སྒྲ་གསལ་ཞིང་དག་ལ་གཅོད་མཚམས་འགྲིག་པོ་དང་ཁོག་འདོན་ཤེས་དགོས་པ་དང་། སློབ་རིམ་གཉིས་པར་གོང་གི་བླང་བྱའི་ཁར་བརྩེ་དུང་ལྡན་པའི་སྒོ་ནས་སློབ་ཚན་གྱེར་འདོན་ཐུབ་དགོས། སློབ་རིམ་གསུམ་པར་གསལ་ཞིང་དག་ལ་སྙན་ཞིང་མྱུར་བའི་སྒོ་ནས་སློབ་ཚན་གྱེར་འདོན་ཕུབ་དགོས་ཁར་ཁོག་འདོན་གྱི་མྱུར་ཚད་ངེས་ཅན་ལྡན་དགོས། སློབ་རིམ་བཞི་པར་གསལ་ཞིང་དག་ལ་ཉམས་ཐོན་པ་དང་མྱུར་བའི་སྒོ་ནས་རྩོམ་གང་ཡིན་ཡང་གྱེར་འདོན་ཐུབ་པ་དང་ཁོག་འདོན་གྱི་གོམས་གཤིས་ཆགས་སུ་འཇུག་དགོས། དེ་བཞིན་སློབ་ཕྱིའི་ལྟ་ཀློག་གི་སྤྱིའི་གྲངས་ཚད་ཀྱང་སློབ་རིམ་རེ་རེ་བཞིན་ཚེག་ཁྱིམ་ཁྲི་2དང་ཁྲི་20 ཁྲི་40 ཁྲི་190བཅས་ལོངས་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། ཚང་མས་མཁྱེན་གསལ་ལྟར་བསླབ་ཚན་གྱི་ཚད་གཞི་ནི་བསླབ་ཚན་གང་དེའི་སློབ་དེབ་སྒྲིག་བཟོ་དང་། སློབ་ཁྲིད་དཔྱད་དཔོག ཡིག་རྒྱུགས་འདོན་སྟངས་སོགས་ཀྱི་གཞི་འཛིན་ས་དང་། རྒྱལ་ཁབ་ཀྱིས་སློབ་གསོ་སློབ་ཁྲིད་ལ་དོ་དམ་དང་གདེང་འཇོག་བྱེད་པའི་གཞི་འཛིན་ས་ཡང་ཡིན། བསླབ་ཚན་གྱི་ཚད་གཞིའི་ཁྲོད་ལོ་རིམ་མི་འདྲ་བར་གཞིགས་ཏེ་སློབ་གསོ་སློབ་ཁྲིད་ཀྱི་ཞིབ་ཕྲའི་རེ་བ་བཏོན་ཡོད་ལ། དུས་རིམ་མི་འདྲ་བ་ཁག་གི་དམིགས་ཚད་ལེགས་པར་གྲུབ་ན་སློབ་མ་གང་དེ་ཕྱོགས་ཡོངས་ནས་འཕེལ་རྒྱས་འབྱུང་བ་མ་ཟད། འབྱུང་འགྱུར་རང་གཞན་གཉིས་ཕན་གྱི་མི་བུ་བཟང་པོ་ཞིག་ཏུ་འགྱུར་བར་རྨང་གཞི་བརྟན་པོ་འདིང་ཐུབ་ལ། དེ་ལས་སློབ་གསོའི་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ནས་སྤྱི་ཚོགས་ཡར་ཐོན་དང་། དཔལ་འབྱོར་འཕེལ་རྒྱས། ཚན་རིག་ལག་རྩལ་གོང་འཕེལ་སོགས་ལ་ཕན་ཆེ་བ་རེད།

    བོད་སྐད་ཡིག་སློབ་ཚན་གྱི་ཚད་གཞིའི་ནང་དུའང་སློབ་རིམ་སོ་སོའི་དུས་རིམ་གྱི་དམིགས་ཚད་གསལ་པོར་བཀོད་ཡོད་ལ་སློབ་མའི་ཤེས་བྱ་དང་ནུས་རྩལ། བརྒྱུད་རིམ་དང་ཐབས་ཤེས། ཚོར་འདུའི་རྣམ་འགྱུར་དང་རིན་ཐང་གི་ལྟ་བ་བཅས་ཕན་ཚུན་སིམ་འདྲེས་གཅིག་གྱུར་ཡོང་བར་བྱས་ཏེ་ཕྱོགས་ཡོངས་ནས་བོད་སྐད་ཡིག་གི་བྱང་ཚད་ཇེ་མཐོར་འགྲོ་བའི་ཚད་གཞི་བཏོན་ཡོད། དེ་བས། བོད་སྐད་ཡིག་གི་ལྟ་ཀློག་ནུས་པ་ཡར་རྒྱས་འབྱུང་ཆེད། ང་ཚོས་ངེས་པར་དུ་སློབ་རིམ་སོ་སོའི་དམིགས་ཚད་དང་བླང་བྱར་གཞིགས་ནས་སློབ་མའི་དཔེ་ཀློག་གི་བྱང་ཚད་ལ་ཐུགས་ཁུར་དང་། རྣམ་ཀུན་སློབ་གསོའི་ཁྲོད་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་དགོས།

    གསུམ་པ། བོད་ཡིག་གི་དཔེ་ཀློག་ནི་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ཕྱི་མོ་ཡིན།

    སྤྱིར་བོད་ཡིག་དཔེ་ཀློག་ལས་བོད་ཡིག་གི་མིང་ཚིག་གསོག་འཇོག་དང་། བརྡ་སྤྲོད་ཀྱི་ནུས་པ་གོང་མཐོར་གཏོང་བ། ཤེས་རྒྱ་སྐྱེད་པ། སྔོན་བྱོན་མཁས་པའི་ཉམས་མྱོང་ཤེས་པ། མི་གཤིས་བཟང་པོ་སྐྱེད་སྲིང་སོགས་ཀྱི་ཕན་ནུས་མང་པོ་ལྡན། སྒོས་སུ་བོད་ཡིག་དཔེ་ཀློག་ལས་བོད་ཡིག་གི་འབྲི་རྩལ་འཕེལ་བ་མ་ཟད་བོད་སྐད་ཤོད་པའི་ནུས་པའང་འཕེལ་ཐུབ། “སློབ་མའི་འབྲི་རྩལ་དང་ཤོད་ནུས་འཕེལ་བར་སློབ་མའི་མྱོང་བ་དངོས་ཀྱི་མཐོང་ཐོས་དང་ཚོར་སྣང་གི་ཤེས་པར་རྟེན་དགོས།……དེས་ན་ཀློག་པ་དང་ཉན་པ་ལ་བརྟེན་ནས་ཐོས་པ་རྒྱ་ཆེར་གསོག་པ་དང་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ངོས་འཛིན་ཇེ་ཟབ་ཏུ་གཏོང་དགོས་པ་ཡིན། འབྲི་རྩལ་དང་ཤོད་ནུས་མཐོ་རུ་གཏོང་བར་ངེས་པར་དུ་ཡང་དག་པའི་བསམ་བློའི་མཛུབ་ཁྲིད་ལ་རྟེན་དགོས། དེ་འདྲའི་བསམ་བློའི་མཛུབ་ཁྲིད་ནི་འཚོ་བའི་ཉམས་མྱོང་ཁོ་ན་ལས་བྱུང་བ་མ་ཡིན་པར་མི་གཞན་ནས་ཉན་པ་དང་དཔེ་དེབ་གཞན་བཀླག་པ་ལས་བྱུང་བ་ཡིན”ཞེས་གསུངས་པ་བཞིན་དཔེ་ཀློག་ལས་ཤེས་རྒྱ་སྐྱེད་པ་མ་ཟད། ཤོད་ནུས་དང་འབྲི་རྩལ་གོང་ནས་གོང་དུ་འཕེལ་ལ། བོད་ཡིག་བེད་སྤྱོད་བྱེད་པའི་སྤོབས་པའང་རིམ་གྱིས་རྒྱས་ཏེ་བོད་སྐད་ཡིག་གི་སྦྱོང་སྤྱོད་སྤེལ་གསུམ་ལ་ལེགས་སྐྱེས་འབུལ་ཐུབ། ཡང་སྒོས་སུ་བོད་ཡིག་གི་དཔེ་ཀློག་ལས་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་རྔོ་ཐོགས་ཤིང་། སྔོན་བྱོན་མཁས་པ་རྣམས་ཀྱི་གསུང་རབ་ལ་ཡང་དག་པར་འཇུག་པའི་སྔོན་འགྲོའམ་ཕྱི་མོར་གྲུབ་པས། སློབ་གྲྭ་འབྲིང་ཆུང་གི་སློབ་མར་བོད་སྐད་ཡིག་གི་དཔེ་ཀློག་ཁོར་ཡུག་ཡག་པོ་བསྐྲུན་པ་དང་བོད་ཡིག་དཔེ་ཀློག་གི་བླང་བྱ་མཐོན་པོ་བཏོན་ཏེ་བོད་ཀྱི་ལོ་རྒྱུས་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། མཛེས་སྤྱོད་ལྟ་བ་དང་རིན་ཐང་ལྟ་བ། བོད་མིའི་བསམ་བློའི་འཁྱེར་བཟོ་སོགས་ཤེས་སུ་འཇུག་དགོས་པ་དང་། སློབ་བུ་གང་ཉིད་ཡ་རབས་ཚུལ་ལྡན་དང་བྱམས་སྙིང་རྗེས་ཕྱུག་པའི་བོད་ཀྱི་ཕྱི་རབས་པ་ཞིག་ཏུ་འགྱུར་བར་མཐུན་རྐྱེན་བཟང་པོ་བསྐྱུན་ནས། བོད་ལྗོངས་གསར་པ་འཛུགས་སྐྲུན་དང་བོད་ཀྱི་རིག་གནས་རྒྱུད་འཛིན་དར་སྤེལ་ཐད་དེ་བས་ལེགས་པའི་ནུས་པ་ཐོན་པར་བྱེད་དགོས།

    མདོར་ན། ཏང་གི་ཡང་དག་པའི་མི་རིགས་སྲིད་ཇུས་བཟང་པོའི་འོག ང་ཚོས་ངེས་པར་དུ་སློབ་གྲྭ་འབྲིང་ཆུང་གི་སློབ་མར་བོད་ཡིག་དཔེ་ཀློག་གི་མཐུན་རྐྱེན་བཟང་པོ་སྐྲུན་དགོས་པ་མ་ཟད། 《སྐད་ཡིག་སློབ་ཚན་གྱི་ཚད་གཞི》སོགས་འབྲེལ་ཡོད་བླང་བྱ་གཞིར་བཟུང་། བོད་ཡིག་གི་དཔེ་ཀློག་སྦྱོང་བརྡར་གྱི་བླང་བྱ་ནན་དུ་བཏང་སྟེ་སློབ་བུའི་བོད་སྐད་ཡིག་གི་བྱང་ཚད་མཐོར་གཏོང་དང་བོད་སྐད་ཡིག་སྤྱིའི་འཕེལ་རྒྱས་ལ་རང་ཉིད་ཀྱི་ནུས་པ་ལེགས་སྐྱེས་སུ་འབུལ་དགོས་སོ།

    (མལ་གྲོ་གུང་དཀར་རྫོང་སློབ་འབྲིང་། སྐལ་སྒྲོན)

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392729401