བོད་ལྗོངས།
དུས་རབས་གསར་པར་བོད་ཀྱི་རྩོམ་རིག་ཞིབ་འཇུག་གི་བྱ་བར་གནམ་ས་བླ་འོག་གི་འཕེལ་རྒྱས་བྱུང་བའི་སྐོར་རགས་ཙམ་གླེང་བ།

    འགྲོ་བ་མིའི་རིགས་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ཆོས་ཉིད་དང་མཐུན་པར། ཁ་བ་གངས་ཅན་གྱི་ཡུལ་འདིར་ཡ་ཐོག་གདོད་མའི་མི་རྣམས་ཀྱི་འཚོ་བ་དང་འདུ་ཤེས་མཚོན་པའི་སྙན་རྩོམ་གྱི་མྱུ་གུ་འབུས་པ་ནས་རིམ་བཞིན་ལྷ་སྒྲུང་དང་། ལྡེའུ། ཁེད། གཏམ་དཔེ། གཏམ་རྒྱུད་སོགས་རྣམ་པ་སྣ་ཚོགས་པའི་དམངས་ཁྲོད་རྩོམ་རིག་དར་བ་དང་། ལྷག་པར་དུ་བཙན་པོ་སྲོང་བཙན་གྱི་སྐུ་རིང་ལ་རྒྱལ་ཕྲན་ངོ་ལོག་པ་འབངས་སུ་བཀུག་ཅིང་། སྲིད་ཀྱི་མངའ་ཁོངས་རྒྱ་བསྐྱེད་པ་མ་ཟད། སློབ་དཔོན་ཐོན་མིས་ཡུལ་དབུས་ཀྱི་སྐད་ལུགས་དང་མཐུན་པའི་བོད་ཀྱི་སྒྲ་སྦྱོར་ཡི་གེ་གསར་དུ་བཟོས་རྗེས། མི་རིགས་དང་ཡུལ་གྲུ་ཐ་དད་པའི་རིག་གནས་ནང་འདྲེན་གྱི་སྒོ་མོ་ཇེ་ཆེར་དབྱེ་བའི་ལམ་སྲོལ་གསར་པ་ཞིག་ཆགས་པ་དང་ཆབས་ཅིག་ངག་རྩོམ་དང་ཡིག་རྩོམ་གྱི་རྩོམ་རིག་རྣམ་པ་དང་གྲངས་འབོར་ཡང་སྔར་བས་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད།

    རྩོམ་རིག་གི་བརྩམས་ཆོས་དང་རྩོམ་རིག་གི་གཞུང་ལུགས་གཉིས་ནི་ཕན་ཚུན་བལྟོས་བཅས་སམ་རྟེན་འབྱུང་གི་འབྲེལ་བར་གྲུབ་པ་ཞིག་ཡིན་ནའང་། རྩོམ་རིག་གི་ཐོག་མའི་བྱུང་རིམ་དང་འབྲེལ་ནས་བརྗོད་ན་བརྩམས་ཆོས་སྔོན་ལ་བྱུང་བ་དང་གཞུང་ལུགས་རྗེས་སུ་བྱུང་བ་ཡིན་ཏེ། རྩོམ་རིག་གཞུང་ལུགས་ཡོད་དོ་ཅོག་བརྩམས་ཆོས་ངེས་ཅན་ཞིག་གླེང་བརྗོད་ཀྱི་གཞིར་བཟུང་ནས་གྲུབ་པས་སོ། རང་རེ་བོད་ལ་ཆ་མཚོན་ན། མ་གཞི་དུས་རབས་བཅུ་གཅིག་པའི་གོང་རོལ་དུ་གསར་རྩོམ་གྱི་ལག་ལེན་དང་། གསར་རྩོམ་གྱི་མྱོང་རོལ། རྩོམ་རིག་ལོ་ཙཱ་སོགས་ཅི་རིགས་དར་ཡོད་ཀྱང་། ཡོངས་གྲགས་སུ་ཆོས་རྗེ་ས་པཎ་གྱིས་ལྔ་ཟུང་རིག་གནས་ཀྱི་རྣམ་གཞག་མཛད་པ་དང་། དཎྜིའི་སྙན་གཞུང་བསྒྱུར་བའི་དབུ་བརྩམས་ཤིང་། 《མཁས་པ་འཇུག་པའི་སྒོ》བརྩམས་གནང་རྗེས་ད་གཟོད་རྩོམ་རིག་གཞུང་ལུགས་དར་འགོ་ཚུགས་པར་བཞེད། དེ་བས་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་ལ་བཀའ་ཕབ་ནས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་པཎྜི་ཏ་ལཀྵྨཱིམ་ཀ་རའི་མདུན་ནས《སྙན་ངག་མེ་ལོང》གི་གཞུང་ཆ་ཚང་བོད་ཡིག་ཏུ་བསྒྱུར་ལ། དཔང་ལོ་བློ་གྲོས་བསྟན་པས་འགྱུར་བཅོས་སྒོས་འཆད་ཉན་གྱི་ལམ་སྲོལ་ཕྱེ་བ་སོགས་རིམ་བཞིན་རྒྱ་ཁྱབ་ཏུ་རྩོམ་པའི་བྱ་བར་རྩོམ་རིག་གཞུང་ལུགས་ཀྱིས་ཁྲིད་སྟོན་བྱེད་པའི་སྒོ་མོ་དབྱེ་བར་མཛད་ཡོད། དེ་ལྟར་ནའང་། 《སྙན་ངག་མེ་ལོང》གི་བརྗོད་བྱ་གཙོ་བོ་ཚིག་རྒྱན་རིག་པའི་ཤེས་བྱ་ཡིན་པ་དང་། དུས་ཕྱིས་སོག་པོ་ཨ་ལག་ཤ་བསྟན་དར་ལྷ་རམས་པས་མཛད་པའི《རྩོམ་པའི་རྣམ་གཞག》ལྟ་བུ་ཡང་བསྟན་བཅོས་སམ་རིག་པའི་གཞུང་ལུགས་ཀྱི་རྩོམ་འབྲིའི་ཐད་ཀྱི་ཀུན་སློང་དང་། རྒྱུ། ཕན་ཡོན་སོགས་བསྟན་པའི་རྣམ་གཞག་ཡིན་པས། བོད་ལ་ཞི་བས་བཅིངས་གྲོལ་མ་བཏང་གི་གོང་རོལ་དུ་དེང་རབས་རང་བཞིན་གྱི་ངེས་དོན་ཅན་གྱི་རྩོམ་རིག་གཞུང་ལུགས་ཤིག་དར་མེད་ཟེར་འོས།

    མ་གཞི་བོད་ལ་ཞི་བས་བཅིངས་གྲོལ་མ་བཏང་གི་གོང་རོལ་དུ་བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་རྣམ་པ་མང་ལ་ཕུན་སུམ་ཚོགས་པའི་རྩོམ་རིག་སྒྱུ་རྩལ་ཇི་སྙེད་ཅིག་དར་ཡོད་ནའང་། དེང་རབས་རང་བཞིན་གྱི་རྩོམ་རིག་གཞུང་ལུགས་དར་མེད་པ་ནི་གཞི་རྩ་རྩོམ་རིག་ཞིབ་འཇུག་གི་ལམ་སྲོལ་ཆེར་མ་དར་བས་ཡིན་ཏེ། རྩོམ་རིག་བརྩམས་ཆོས་ལ་ཞིབ་འཇུག་བྱས་པའི་དཔྱད་འབྲས་དག་གིས་ད་གཟོད་རྩོམ་རིག་གཞུང་ལུགས་གྲུབ་པས་སོ། དུས་ཕྱིས་བོད་ཀྱི་རྩོམ་རིག་ཞིབ་འཇུག་ལ་རྒྱ་ཡིག་ཏུ་ཕབ་སྒྱུར་བྱས་པའི་ནུབ་ཕྱོགས་རྩོམ་རིག་གཞུང་ལུགས་ཀྱིས་ཁྲིད་སྟོན་ཡོད་ཁར། འབྲེལ་ཡོད་མཁས་པས་རྒྱ་ཡིག་གི་ལམ་ནས་ཉེ་བར་ཁ་ཚ་བའི་རྩོམ་རིག་གཞུང་ལུགས་མང་པོ་བོད་ཡིག་ཏུ་ཕབ་སྒྱུར་དང་། གཞུང་ལུགས་དེ་དག་ཚད་ཤིང་དུ་བཞག་ནས་བོད་ཀྱི་གནའ་དེང་མཁས་པའི་བརྩམས་ཆོས་ཀྱི་བརྗོད་བྱ་རྗོད་བྱེད་དང་སྒྱུ་རྩལ་གྱི་རིན་ཐང་སོགས་ལ་ཞིབ་འཇུག་བྱེད་པའི་དབྱུ་ཁྱུད་བྲིས་ཡོད།

    སྤྱིར་ན་རྩོམ་རིག་ཞིབ་འཇུག་གི་རིག་ཚན་ལ་རྩོམ་རིག་གཞུང་ལུགས་དང་། རྩོམ་རིག་ལོ་རྒྱུས། རྩོམ་རིག་དཔྱད་བརྗོད་བཅས་ཕྱོགས་གསུམ་འདུས་ཡོད་ཅིང་། གསུམ་ཀས་རྩོམ་རིག་གི་བརྩམས་ཆོས་ཞིབ་འཇུག་བྱ་གཞིར་བཟུང་ནས་ལོ་རྒྱུས་དང་། དངོས་ཡོད་སྤྱི་ཚོགས། རྩོམ་འབྲིའི་རིགས་ལམ་སོགས་ཀྱི་མངོན་ལྐོག་ཅི་རིགས་དང་འབྲེལ་བའི་གསང་གནད་གང་ཐུབ་ཅི་ཐུབ་ཀྱིས་བཀྲོལ་བཤད་བྱེད་པ་དང་། རྩོམ་རིག་གི་ངོ་བོ་དང་། ཁྱད་ཆོས། འཕེལ་རྒྱས་ཀྱི་ཆོས་ཉིད། སྤྱི་ཚོགས་ལ་ཐོན་པའི་ནུས་པ་སོགས་བཙལ་འཚོལ་གྱིས་རྩོམ་རིག་གི་བརྩམས་ཆོས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་གདེང་འཇོག་བྱེད་པ་ཡིན། དེ་ལྟ་བུའི་རྩོམ་རིག་ཞིབ་འཇུག་གི་རིགས་ལམ་དུས་རབས་གོང་མར་བོད་ལ་ཁྱོན་ཡོངས་ནས་དར་འགོ་ཚུགས་པ་དང་། རྩོམ་རིག་བརྩམས་ཆོས་ལ་དཔྱད་པ་རྒྱ་ཆེར་བྱེད་པའི་ལམ་སྲོལ་དར་བའི་རྨང་གཞིའི་སྟེང་གྲུབ་པའི《བོད་ཀྱི་རྩོམ་རིག་ལོ་རྒྱུས》ཀྱི་བརྩམས་ཆོས་དག་ནི་ནུབ་ཕྱོགས་ཀྱི་རྩོམ་རིག་གཞུང་ལུགས་སྒྱུར་སྒྲིག་བྱས་པ་ལྟ་བུ་མིན་པར། བོད་རང་གི་གནའ་དེང་བརྩམས་ཆོས་གཞུང་ཤིང་དུ་བྱས་པ་ཞིག་ཡིན་པས། བོད་ཀྱི་རྩོམ་རིག་ཞིབ་འཇུག་གི་བྱ་གཞག་འཕེལ་རྒྱས་ངེས་ཅན་ཞིག་ཏུ་སླེབས་པའི་མཚོན་བྱེད་ཅིག་ཡིན་པར་སེམས།

    དེ་ཡང་དགེ་རྒན་ཆེན་མོ་ཐུང་ཅིན་ཧྭ་ཡིས“《མི་ལ་རལ་པའི་རྣམ་ཐར》གྱིས་མ་གཞི་ཆོས་ལུགས་ཀྱི་སེམས་གཙོ་རིང་ལུགས་ཀྱི་བསམ་བློ་དྲིལ་བསྒྲགས་བྱས་ཡོད་ནའང་། བོད་ལྗོངས་སྤྱི་ཚོགས་ཀྱི་རིམ་ཁག་མི་སྣའི་གཟུགས་བརྙན་དཔེ་མཚོན་ཅན་བཞེངས་བསྐྲུན་བྱས་ཡོད་པ་དང་། བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན་གང་གི་ཆ་ནས་ཚད་མཐོའི་གྲུབ་འབྲས་མངོན་ཡོད་ལ། རྩོམ་པ་པོའི་སྐད་ཆ་དང་རྩོམ་རིག་གི་ནུས་རྩལ་ཡང་མངོན་ཡོད་པས། བོད་ཀྱི་རྣམ་ཐར་རྩོམ་རིག་ཁྲོད་བར་བརྒལ་རང་བཞིན་གྱི་ནུས་པ་ཐོན་ཡོད་ལ། བོད་ཀྱི་རྩོམ་རིག་འཕེལ་རྒྱས་ལོ་རྒྱུས་སྟེང་གི་འོད་འཚེར་བའི་ནོར་བུ་ཞིག་ཡིན”ཚུལ་གསུངས་ཏེ། བོད་ཀྱི་ཉེ་རབས་རྩོམ་རིག་བརྩམས་ཆོས་དེ་ཡི་བརྗོད་བྱ་རྗོད་བྱེད་ཀྱི་ཁྱད་འཕགས་རང་བཞིན་བཙལ་འཚོལ་གནང་ཡོད། དཔེ་འདི་དང་འདྲ་བར་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་དགུ་བཅུའི་ནང་བོད་ཀྱི་གནའ་རབས་དང་ཉེ་རབས་ཀྱི་རྩོམ་རིག་བརྩམས་ཆོས་སྣ་ཚོགས་ཀྱི་ཆོས་ལུགས་ཀྱི་བསམ་བློའི་བརྗོད་བྱ་བརྗོད་སྙིང་ཕུད་པའི་རྩོམ་རིག་གི་བསམ་བློའི་རིན་ཐང་དང་། སྒྱུ་རྩལ་གྱི་རིན་ཐང་ལ་དཔྱད་པ་བྱེད་པའི་མཐོ་རླབས་ཤིག་འཕྱུར་ཡོད། དགེ་རྒན་ཆེན་མོ་མ་ཞོའི་ལེང་དང་། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། ཐུང་ཅིན་ཧྭ་གསུམ་གྱིས་རྩོམ་སྒྲིག་གནང་ཞིང་། 1985ལོར་དངོས་སུ་དཔེ་སྐྲུན་གནང་བའི《བོད་ཀྱི་རྩོམ་རིག་ལོ་རྒྱུས》(རྒྱ་ཡིག)ཀྱིས་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་གི་བརྩམས་ཆོས་སྣ་ཚོགས་པའི་བརྗོད་བྱ་དང་། བརྗོད་སྙིང་། རྗོད་བྱེད་སོགས་པའི་སྤྱི་ཁོག་བསྟན་ཡོད་ཅིང་། སློབ་གཉེར་དང་ཞིབ་འཇུག་ལ་གཞོལ་བའི་ཕྱི་རབས་པར་ཕྱོགས་ཡོངས་ནས་བོད་ཀྱི་རྩོམ་རིག་ལ་ཞིབ་འཇུག་བྱེད་པའི་ལམ་སྟོན་སྒྲོན་མེ་ལྟ་བུའི་ནུས་པ་ཐོན་ཡོད་ལ། གཟེངས་སུ་ཐོན་པའི་བརྩམས་ཆོས་དེ་བོད་ཀྱི་རྩོམ་རིག་ཞིབ་འཇུག་གི་བྱ་གཞག་འཕེལ་རྒྱས་ལམ་བུའི་སྟེང་གི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཏུ་གྱུར་ནས། དུས་ཕྱིས་རྩོམ་རིག་ཞིབ་འཇུག་གི་བྱ་བ་སྤྱི་དང་ལྷག་པར་དུ《རྩོམ་རིག་ལོ་རྒྱུས》ཀྱི་བརྩམས་ཆོས་ཐོན་རྒྱུར་མིག་དཔེ་བལྟ་ས་གཙོ་བོ་ཞིག་ཏུ་གྱུར་ཡོད། དེ་བཞིན། དགེ་རྒན་ཆེན་མོ་དཔའ་རྩེ་དང་ལྷ་རྒྱལ་ཚེ་རིང་གཉིས་ཀྱིས་རྩོམ་སྒྲིག་གནང་བའི《བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས》ཅེས་པ་དང་། དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་སོགས་ཀྱིས་རྩོམ་སྒྲིག་གནང་བའི《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན》 མགོན་པོ་བཀྲ་ཤིས་ཀྱིས་རྩོམ་སྒྲིག་གནང་བའི《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྤྱི་བཤད》 དགེ་རྒན་ཆེན་མོ་ལྷག་པ་ཆོས་འཕེལ་གྱིས་རྩོམ་སྒྲིག་གནང་བའི《བོད་ཀྱི་རྩོམ་རིག་ལོ་རྒྱུས》 དགེ་རྒན་ཆེན་མོ་ཆབ་འགག་རྟ་མགྲིན་གྱིས་རྩོམ་སྒྲིག་གནང་བའི《བོད་ཀྱི་རྩོམ་རིག་ལོ་རྒྱུས》སོགས་རྩོམ་རིག་ལོ་རྒྱུས་ཐད་ཀྱི་བརྩམས་ཆོས་མང་དུ་བྱུང་ཡོད་པ་དང་། དེ་མིན་དགེ་རྒན་ཆེན་མོ་སྟོབས་རྒྱལ་གྱིས་བརྩམས་པའི《རྩོམ་རིག་རྣམ་བཤད》དང་། བསོད་ནམས་དབང་ལྡན་དང་བུ་བཞི་གཉིས་ཀྱིས་བརྩམས་པའི《རྩོམ་རིག་རྣམ་བཤད》 རྣམ་སྲས་ཀྱིས་བརྩམས་པའི《རྩོམ་འཇུག་རྣམ་བཤད》 གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་བརྩམས་པའི《བོད་ཀྱི་རྩོམ་ལུས་རྣམ་བཤད》 དགའ་བ་པ་སངས་ཀྱིས་བརྩམས་པའི《རྩོམ་རིག་གཤིབ་བསྡུར་རིག་ལམ》 ཀླུ་ཐར་རྒྱལ་གྱིས་བརྩམས་པའི《རྩོམ་གཞུང་སྤྱི་བཤད》ལ་སོགས་རྩོམ་རིག་གསར་རྩོམ་དང་རྩོམ་རིག་ཞིབ་འཇུག་ཐད་ཀྱི་བརྩམས་ཆོས་སྣ་ཚོགས་ཐོན་པ་དག་གིས། བོད་ཀྱི་རྩོམ་རིག་སྤྱིའི་འཕེལ་རྒྱས་དང་སྒོས་སུ་རྩོམ་རིག་ཞིབ་འཇུག་འཕེལ་རྒྱས་ཀྱི་གནས་བབ་ངེས་ཅན་ཞིག་མཚོན་ཐུབ་ངེས་ཏེ། རྩོམ་གཞུང་གི་དཔེ་ཆ་དེ་དག་ཚང་མ་རིག་གཞུང་དུས་དེབ་ཁག་ཏུ་སྤེལ་བའི་རྩོམ་རིག་ཞིབ་འཇུག་གི་དཔྱད་འབྲས་དག་དང་འབྲེལ་བ་ཡོད་ལ། དཔྱད་འབྲས་བྱེ་བྲག་པ་དག་གིས་ད་གཟོད་རྩོམ་རིག་ཞིབ་འཇུག་གི་དཔྱད་འབྲས་ཆེན་མོ་དག་གྲུབ་པས་སོ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དགུ་བཅུ་དང་། དུས་རབས་ཉེར་གཅིག་པའི་དུས་འགོའི་ནང་རྩོམ་རིག་གི་རྩོམ་ལུས་བྱེ་བྲག་པར་དཔྱད་པ་དང་། བརྩམས་ཆོས་བྱེ་བྲག་པར་དཔྱད་པ་ལ་སོགས་པའི་བརྩམས་ཆོས་གཅིག་རྗེས་གཉིས་མཐུད་དུ་དཔེ་སྐྲུན་གནང་ཡོད་ཅིང་། དེ་དག་གི་ཁྲོད་ནས་མཁས་དབང་དོན་གྲུབ་རྒྱལ་གྱིས་བརྩམས་པའི《མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས》ནི་བོད་ཀྱི་རྩོམ་རིག་ཞིབ་འཇུག་གི་དཔྱད་འབྲས་ཆེས་གཟེངས་སུ་ཐོན་པ་ཞིག་ལགས། ལྷག་པར་དུ་ཉེ་བའི་ཆར་བོད་ཀྱི་གྲགས་ཅན་རྩོམ་པ་པོ《ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ》ཞེས་པ་དང་། 《ལོ་བརྒྱའི་ལྷ་སའི་སྙན་ངག་ཞིབ་འཇུག》ཞེས་པ། 《ལྷུག་རྩོམ་སུམ་ཅུ་པ་དང་དཔྱད་པ་ཚིག་གསུམ》ཞེས་པ། 《ཟིང་ལོང་རྡེའུ་འགྲེམས》ཞེས་པ་སོགས་མང་དུ་དཔེ་སྐྲུན་འགྲེམས་སྤེལ་གནང་བ་དག་གིས་བོད་ཀྱི་རྩོམ་རིག་ཞིབ་འཇུག་བྱ་གཞག་གི་འཕེལ་རྒྱས་དང་གནས་བབ་ངེས་ཅན་མངོན་ཐུབ་པར་སེམས།

    མིའི་སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོར་གྱུར་པའི་མིའི་འཚོ་བའི་ཁྲོད་ཀྱི་བདེ་སྡུག་ལ་བསམ་གཞིག་བགྱིས་པ་ནི། མི་རྣམས་ཀྱིས་བློ་ཁ་ནང་ལ་ཕྱོགས་ཚུལ་ཞིག་ཡིན་ཕྱིར། རྩོམ་རིག་ནི་འགྲོ་བ་མིའི་རིགས་ལ་གདོད་ནས་མཆིས་པའི་འཚོ་བའི་རང་མདངས་གསལ་བྱེད་ཀྱི་མེ་ལོང་ཞིག་ཅི་ལ་མ་ཡིན། རླབས་ཆེན་ཀྲུང་གོ་གུང་ཁྲན་ཏང་གི་ཉིན་བྱེད་སྣང་བའི་འོག་ཏུ་བོད་ཀྱི་རྩོམ་རིག་ཞིབ་འཇུག་གི་བྱ་བར་གྲུབ་འབྲས་ཆེན་པོ་ཐོན་བཞིན་པ་ཡིས། བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་བྱ་བར་གྲུབ་འབྲས་ངེས་ཅན་ཐོན་བཞིན་པ་མངོན་ཐུབ་ལ། མི་དམངས་སྤྱིའི་རིག་གནས་ཀྱི་འདུ་ཤེས་དང་བསམ་བློའི་བྱང་ཚད་གོང་མཐོར་འགྲོ་བཞིན་པ་མངོན་ཐུབ་པར་སེམས།

    (རྩོམ་པ་པོ་ནི་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཕུར་བུ་བཀྲ་ཤིས་ཡིན)

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392943271