བོད་ལྗོངས།
ཟླ་ཀླུང་ཕྱུག་མོ་འདབས་ཀྱི་མཛེས་ལྗོངས།

    བོད་ཤར་རྒྱུད་ཀྱི་ཆབ་མདོ་ས་ཁུལ་ནི་མཐོ་ཞིང་གཟར་བའི་རི་བོ་དང་། གཏིང་ཟབ་པའི་ལུང་ཤུར་རྣམས་རྒྱལ་མོ་རྔུལ་ཆུ་དང་། ཟླ་ཀླུང་ཕྱུག་མོའི་ཆུ་ལག་དང་བཅས་པས་དངུལ་དཀར་ཞུན་མའི་སྐུད་པ་ཞིག་དང་འདྲ་བར་གཅིག་ནས་གཅིག་ཏུ་སྦྲེལ་ཏེ་ཆགས་ཡོད།

    གདང་ལའི་རི་རྒྱུད་ནས་ཐོན་ཏེ་བྱང་ནུབ་ནས་ལྷོ་ཤར་ཕྱོགས་སུ་བཞུར་བའི་ཟླ་ཀླུང་ཕྱུག་མོའི་བཞུར་སྟོབས་ཀྱིས་གཏིང་ཟབ་པའི་རོང་ཆེན་ཆགས་ཡོད་ལ། རོང་ཆེན་དེ་ཉིད་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་བང་མཛོད་དང་། མི་རིགས་མི་འདྲ་བ་དུ་མ་འདུས་པའི་སྣ་མང་རིག་གནས་དང་གོམས་སྲོལ་དཔལ་ཡོན་དར་བའང་བསྐལ་བ་སྟོང་གི་ལོ་རྒྱུས་ལྡན་པ་ཟླ་ཀླུང་ཕྱུག་མོའི་བྱས་རྗེས་ཅི་ལ་མིན། ཟླ་ཀླུང་ཕྱུག་མོ་དེ་ཉིད་རང་རྒྱལ་གྱི་ཡུན་ནན་ཞིང་ཆེན་ཁོངས་སུ་མ་སླེབས་ཙམ་གྱི་ས་དེར་སྨར་ཁམས་ཚྭ་ཁ་ལྷོ་ཟེར་ཞིང་། ས་དེར་གནའ་ནས་བཟུང་ཇ་རྟའི་གནའ་ལམ་ཞེས་པའི་ཚོང་འགྲུལ་ལམ་བུ་གྲགས་ཆེན་དེའི་ལམ་རྒྱུད་འཁེལ་གྱི་ཡོད་ལ། བོད་རིགས་དང་། འཇང་རིགས་སོགས་མི་རིགས་མི་འདྲ་དུ་མ་འགྲོ་འོང་སྤེལ་རེས་ཀྱི་འདུས་མདོ་ཡང་ཡིན།

    ཚྭ་ཁ་ལྷོའི་ཟླ་མེ་ལོང་གངས་རིའི་བརྗིད་ཉམས།

    གཅིག ཚྭ་ཁ་ལྷོའི་རྒུན་ཆང་།

    ཚྭ་ཁ་ལྷོ་ནི་བོད་དུ་རྒུན་ཆང་མངར་མོ་དར་སྔ་ཤོས་དང་། ཐོན་ཁུངས་འབེལ་ཤོས་ཀྱི་གྲོང་ཚོ་ཡིན་ཞིང་། ཡུལ་དེར་ཁྱིམ་དུད་གང་དུ་ཕྱིན་ཡང་ཁྱེད་ལ་རྒུན་ཆང་མངར་མོའི་བསུ་བ་ཞུ་སྲིད་ལ། རྒུན་ཆང་མངར་མོ་ནི་ཁོ་ཚོའི་རིག་གནས་ཀྱི་མཚོན་རྟགས་ལྟ་བུར་གྱུར་ཡོད།

    སྤྱི་ལོ་1862ལོར། སྤྱན་མིག་མཐིང་ལས་སྔོ་ཞིང་། དབུ་སྐྲ་ཁམ་པ་སིལ་བུར་དཔྱང་པ། ཨག་ཚོམ་དཀར་པོ་བྲང་དཀྱིལ་ལ་ཁེབས་པའི་བགྲེས་སོང་ཞིག་གནས་འདིར་འབྱོར། ཁོང་ནི་ཧྥ་རན་སི་ནས་ཡིན་པ་དང་། ཞེན་ཆགས་དང་དུངས་བ་ཆེ་བའི་རང་གི་ཆོས་ལུགས་ཧི་མ་ལ་ཡའི་རི་གསེང་དུ་སྤེལ་བར་ཡོང་། ནང་བསྟན་ཆོས་ལུགས་ཀྱི་བག་ཆགས་ཟབ་པའི་བོད་རིགས་ཚོས་ཁ་ཡ་བྱེད་མཁན་མ་བྱུང་མོད། གནས་དེར་ས་ཆ་ཉོས་ནས་ཁང་ཆུང་ཞིག་བརྒྱབ་སྟེ། ཉམ་ཐག་སྤྲང་པོར་རོགས་རམ་དང་། ནད་པར་སྨན་སྦྱིན་བྱེད་པའི་ཚུལ་གྱིས་གནམ་བདག་ཆོས་ལུགས་ཀྱི་དགེ་མཚན་དྲིལ་བསྒྲགས་པས། སྐྱབས་མེད་མགོན་མེད་ཀྱི་དབུལ་ཕོངས་དང་ནད་པ་མང་པོ་རིམ་བཞིན་ཁོང་གི་འཁྲིས་སུ་འཁོར། དཔེར་ན། དེ་སྔོན་ལྷ་ཁང་དེའི་འགན་འཁུར་མྱོང་བའི་ལུའུ་རིང་ཏིས་ཟེར་བ་དེའི་ཕ་མེས་ཀྱང་ཕྱོགས་མེད་ཡུལ་ལ་འཁྱམས་པའི་སྤྲང་པོ་ཡིན་པ་དང་། ནད་ཀྱིས་མནར་ནས་སྐྱབས་མེད་མགོན་མེད་ཀྱི་དུས་སུ་ཡེ་ཤུའི་ཆོས་དཔོན་དེས་སྨན་བཅོས་གནང་ཞིང་། ཕ་མ་གཉིས་ནས་གསོན་པའི་རེ་བ་བྲལ་བའི་བུ་ཆུང་དེ་ཉིད་ཡེ་ཤུའི་ཆོས་དཔོན་གྱིས་སྨན་བཅོས་བྱས་ནས་གལ་ཏེ་ནད་ལས་གྲོལ་ཚེ་ཁོང་ལ་བུ་ཆུང་འབུལ་རྒྱུའི་ཁས་བླངས་ཤིང་། ཡེ་ཤུའི་ཆོས་དཔོན་གྱིས་སྨན་བཅོས་བྱས་རྗེས་བྱིས་པ་ནད་ལས་ཐར་བ་དང་དགེ་ཕྲུག་ཏུ་ཉར་ནས་ཡེ་ཤུའི་རྗེས་འཇུག་བྱེད་དུ་བཅུག་པའི་རྒྱུད་པ་ཡིན་སྐད། ཡེ་ཤུའི་ཆོས་དཔོན་དེ་ཚོས་ཡེ་ཤུའི་ཆོས་དཔེ་ཕུད། དེ་ལས་ཀྱང་རིན་ཐང་ཆེ་བ་གང་བཞག་ཡོད་དམ་ཞེས་ན། དེ་ནི་རྒུན་འབྲུམ་འདེབས་འཛུགས་དང་། རྒུན་འབྲུམ་ཨ་རག་བསྙལ་བཟོའི་ལག་རྩལ་རེད། ཚྭ་ཁ་ལྷོའི་ཡེ་ཤུའི་ལྷ་ཁང་གི་འཁྲིས་ཀྱི་ལྡུམ་རའི་ནང་རྒུན་འབྲུམ་སྡོང་པོ་ཞིག་འདུག་པ་ནི། ཡུལ་དེའི་རྒུན་འབྲུམ་སྡོང་པོའི་མེས་པོར་གྲགས་པ་དང་། ད་བར་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པར་བཤད། ཡེ་ཤུའི་ཆོས་ལུགས་ཀྱིས་རྒུན་ཆང་ནི་དམར་མདངས་བཀྲ་བའི་སྟོན་པ་ཡེ་ཤུའི་ཟུངས་ཁྲག་དང་། བསམ་བློར་སྟོབས་ཤུགས་སྦྱིན་པའི་འཛད་མཐའ་མེད་པའི་རྒྱགས་ཕྱེར་འདོད་པས། ཆོས་ལུགས་ཀྱི་དད་སྟོབས་ལས་རྒུན་ཆང་མངར་མོའི་གནས་བབ་ཀྱང་ཧ་ཅང་མཐོ། ཡེ་ཤུའི་ཆོས་ལུགས་ཚྭ་ཁ་ལྷོར་རྩ་བ་ཚུགས་པ་ནས་བཟུང་། རྒུན་ཆང་མངར་མོའང་ཚྭ་ཁ་ལྷོ་རུ་རྩ་བ་ཚུགས་ཤིང་འབྲས་བུ་སྨིན་པར་གྱུར།

    སྟོང་ལོ་གསར་པའི་རྗེས་སུ་ལོ་ངོ་བརྒྱ་ཕྲག་རིང་གྲོང་ཚོ་དེ་ལས་རིང་དུ་བསྐྱོད་མ་ནུས་པའི་རྒུན་ཆང་ལ་གསོན་ཤུགས་གསར་པ་རྒྱས་སུ་འཇུག་མཁན་གྱི་ཕོ་གཞོན་འཇོན་ཐང་ཅན་ཞིག་བྱུང་། ཁོང་གི་མིང་ལ་བློ་བཟང་ཚེ་རིང་ཟེར་ཞིང་། ལོ་ན་ཆུང་བའི་ཕོ་གཞོན་དེས་སློབ་གྲྭ་ཐོན་རྗེས་ཕ་ཡུལ་དུ་ལོག་སྟེ། ཕ་ཡུལ་དུ་ཁུ་སིམ་མེར་བཞུར་བའི་རྒུན་ཆང་མངར་མོའི་རིན་ཐང་དང་ཚོང་རའི་མདུན་ལམ་ཤེས་ནས། “བདག་དམར་གཡང”ཞེས་པའི་གྲགས་ཅན་ཚོང་རྟགས་གསར་གཏོད་བྱས་ཤིང་། རྒུན་ཆང་མངར་མོ་རི་ཁུག་དེ་ལས་གྲོལ་ནས་བོད་ལྗོངས་ཡོངས་དང་། ཐ་ན་རྒྱལ་ཡོངས་ཁྱོན་དུ་ཁྱབ་སྤེལ་བཏང་། དེང་གི་དུས་སུ“བདག་དམར་གཡང”གླེང་ན་ཚྭ་ཁ་ལྷོ་དྲན་ཡོང་ཞིང་། ཚྭ་ཁ་ལྷོ་གླེང་ཚེ“བདག་དམར་གཡང”གི་དྲོ་བ་ཡིད་ལ་འཁོར་གྱི་ཡོད་ལ། ཐ་ན་མི་མང་པོ་ཞིག་གིས“བདག་དམར་གཡང”བརྒྱུད་ནས་ཚྭ་ཁ་ལྷོ་གྲོང་ཚོ་ཞེས་པ་ཞིག་ཡོད་པ་ཤེས་ཀྱི་ཡོད། “བདག་དམར་གཡང”ཞེས་པའི་མིང་ཚིག་ཡ་མཚན་ཅན་དེའི་འབྱུང་ཁུངས་ལ་ཡང་གཏམ་རྒྱུད་མང་པོ་ཡོད་དེ། ཡུན་བོད་གཉིས་ཀྱི་ས་མཚམས་སུ་དྲག་ཏུ་བཞུར་བའི་ཟླ་ཀླུང་ཕྱུག་མོ་གྱེན་དུ་བཀག་ནས་ཤར་ལྷོའི་ཕྱོགས་སུ་ཤེད་ཀྱིས་བཞུར་བའི་ཟླ་ཀླུང་ཕྱུག་མོ་རེ་ཞིག་གཡོན་དུ་ཅུང་ཟད་ཀྱོག་དགོས་པར་གྱུར་བའི་གངས་རི་ཞིག་ཡོད་པ་དེའི་མིང་ལ་ཟླ་མེ་ལོང་ངམ་བདག་དམར་གཡང་ཞེས་འབོད། དེ་དག་ནི་དེང་གི་ཡུལ་དེའི་ན་གཞོན་ཤེས་ལྡན་པ་ལ་ལའི་འདོད་ཚུལ་ཡིན་ཞིང་། གོང་གསལ་མིང་གི་འབྲི་ཚུལ་མི་འདྲ་བ་དེ་གཉིས་ལ་རིག་པའི་རྒྱབ་རྟེན་མི་འདྲ་བ་རེ་ཡོད་དུ་སྲིད་ལ། སྲིད་པའི་གངས་རི་དེའི་མིང་ལོ་ངོ་སྟོང་ཕྲག་རིང་ངག་ཐོག་ཁོ་ནའི་འབོད་སྲོལ་ལས་བརྒལ་ནས་ཡིག་ཐོག་ཏུ་འགོད་དང་པོ་ཡིན་ཡང་སྲིད། འོན་ཀྱང་། ཡུལ་དེའི་རྒན་པོ་ཞིག་གི་ངག་ལས་འཆད་པ་ལྟར་ན། ཟླ་མེ་ལོང་དང་བདག་དམར་གཡང་སོགས་ནི་ཡུལ་དེའི་གསར་སྐྱེས་གཞོན་ནུ་རྣམས་ཀྱིས་རང་རང་གི་བློ་མོས་བཞིན་བཏགས་པ་ཡིན་ཞིང་། རི་དེའི་མིང་དངོས་ནི། གནའ་སྔ་མོའི་དུས་ཟླ་ཀླུང་ཕྱུག་མོ་དྲག་ཏུ་རྒྱས་ནས་རི་ཆེན་དུམ་བུར་གཤགས་ཤིང་། རི་ཕྲན་རླབས་ཀྱིས་ཁུར་ནས་ཐོན་སྐབས། གངས་རི་ཆེན་པོ་དེ་ཡིས“ད་མ་ཡོང”ཞེས་ཞུམ་པ་མེད་པའི་དཔའ་སྐད་ལན་གསུམ་བསྒྲགས་རྗེས་སྲ་མཁྲེགས་ཀྱི་བྲག་རྡོ་དང་། མཐོ་བརྗིད་ཀྱི་གཟི་དཔལ་ལ་བརྟེན་ནས་ཟླ་ཀླུང་ཕྱུག་མོ་དལ་གྱིས་བཀག་པ་དང་དེ་ནས་གཡོན་དུ་ག་ལེར་བཞུར་བཅུག་སྟེ། སྐྱེ་འགྲོ་སེམས་ཅན་མང་པོ་ཚེ་སྲོག་གི་འཇིགས་ཉེན་ལས་སྐྱབས་སྟབས། ཡུལ་དེའི་སྐྱེ་འགྲོ་རྣམས་ནས་མཆོད་བསྟོད་བསང་གསོལ་བྱེད་པའི་གནས་རིར་བརྩིས། གནས་བདག་ནི་མཛེས་སྡུག་ལྟ་བས་མི་ངོམ་པའི་ན་ཆུང་མ་ཞིག་ཡིན་པར་འདོད་ཅིང་། མེ་ཏོག་ཞལ་ཁ་ཕྱེས་པ་ལྟ་བུའི་སྨར་ཁམས་བུ་མོའི་མཚར་སྡུག་ལང་ཚོའང་གཞི་བདག་དེ་ཡིས་བྱིན་རླབས་ཡིན་པར་གླེང་།

    ཚྭ་ཁ་ལྷོའི་ཡུལ་མིའི་སྡོད་ཁང་།

    གཉིས། ཚྭ་ཁ་ལྷོའི་ལན་ཚྭ།

    མུ་མཐའ་མེད་པའི་བྱང་ཐང་གི་ཚྭ་མཚོའི་ནང་ནས་ཆར་ཆུ་ཉུང་བའི་དཔྱིད་དུས་ཁོ་ནར་ཚྭ་ལེན་རྒྱུ་ཡོད་དེ། ལན་ཚྭའི་ལུ་མ་དང་། ལུ་མ་དེ་ལས་ཆུ་བླངས་ནས་སྐམ་ལ་བཏང་རྗེས་ཚྭ་ཆགས་ཀྱི་ཡོད་པ་རེད། འོན་ཀྱང་ཚྭ་ཁ་ལྷོའི་ཚྭ་ནི་དབྱར་དགུན་དུས་བཞིར་གང་འདོད་ལོངས་སུ་སྤྱོད་ཆོག་ཅིང་། དེ་འདྲ་ཕལ་ཆེར་གངས་རིའི་ལྗོངས་འདིར་གཅིག་ལས་གཉིས་པ་མེད།

    དྲག་ཏུ་འབབ་པའི་ཟླ་ཀླུང་ཕྱུག་མོའི་འགྲམ་ངོགས་གཉིས་སུ་ལས་ལ་བརྩོན་པའི་ཚྭ་ཁ་ལྷོའི་ཡུལ་མི་རྣམས་ནས། རི་ལྡེབས་གང་སར་ཀ་ཕིབས་དབྱིབས་ཀྱི་ཚྭ་ཆུ་སྐམ་ས་ཆེ་ཆུང་དུ་མ་གྲལ་སྟར་སྒྲིག་ནས་ཡོད་ཅིང་། དེ་དག་ཡང་སྟེང་དུ་ཚྭ་ཆུའི་རྫིང་དུ་མ་ནམ་མཁའི་སྐར་ཚོགས་ལྟར་བཀྲ་བ་དང་། ཀ་ཕིབས་ཀྱི་འོག་ནས་བལྟས་ཚེ་ཚྭ་ཆུ་འཛགས་པ་སྐམ་པའི་ཤུལ་ནས་ཤེལ་དཀར་གྱི་རེངས་བུ་སྤོས་ཐུར་འདྲ་བ་མང་པོ་ཐུར་དུ་དཔྱང་འདུག ཚྭ་ཆུའི་རྫིང་བུ་ལ་ལ་སྐམ་པའི་ཤུལ་ནས་ཁ་བ་ལས་དཀར་བའི་ལན་ཚྭའི་ཕུང་པོ་དཀར་ཐར་རེ་མངོན་པ་ནི་འབྲོག་པ་རྣམས་ཀྱི་ཕྱུར་ཐང་དང་འདྲ།

    ཡུལ་དེའི་བགྲེས་སོང་སྐལ་བཟང་དོན་ལྡན་ལགས་ཀྱིས་བཤད་པ་ལྟར་ན། དབྱར་དུས་ཆར་ཤུགས་ཆེན་པོ་འབབ་པའི་དུས་ཕུད། དུས་བཞི་དབྱེར་མེད་ཚྭ་ཡི་ཐོན་སྐྱེད་བྱེད་ཆོག་ཅིང་། དགུན་དུས་ཚྭ་ཆུ་བྲི་ཡུན་འགོར་བས་ཉིན་ཉི་ཤུ་ཙམ་འཇོག་དགོས་པ་དང་། དཔྱིད་དུས་ཉི་མ་རིང་ལ་ཚ་དྲོད་ཆེ་བས་ཉིན་བཅུ་ཙམ་ལས་འཚོག་མི་དགོས། ཚྭ་ཆུ་བྲི་བའི་ཤུལ་ནས་ཚྭ་ཞིབ་མོ་ལག་པས་འཕྱག་ཆོག ཚྭ་ཁ་ལྷོའི་ཚྭ་ནི་ཆབ་མདོ་གྲོང་ཁྱེར་ཁོངས་ཀྱི་རྫོང་ཡོངས་དང་། དེ་བཞིན་ཡུན་ནན། དཀར་མཛེས། ཉིང་ཁྲིའི་རྫ་ཡུལ་སོགས་ནས་ཉོ་མཁན་མང་པོ་ཡོད་ཅིང་། ཁོ་ཚོར་དངུལ་དང་འབྲུ་རིགས་སོགས་བརྗེ་ཚོང་བྱེད་ཀྱི་ཡོད།

    སྔོ་ལྗང་ལྗོན་ཤིང་གི་གཡུ་ལོ་ཐཌ་སུ་བྲན་ཞིང་། རྦ་རླབས་ཀྱི་གྱ་གྱུ་ལང་ལོང་དུ་གཡོ་བའི་ཟླ་ཀླུང་ཕྱུག་མོའི་རོང་ཤུར་དེ་ནས་དཀར་མདངས་རྣམ་པར་བཀྲ་བའི་ལན་ཚྭ་ཞིང་ལྟར་འདེབས་ཤིང་། ལོ་ཏོག་བཞིན་འཐུ་བ་ནི་ངོ་མ་ངོ་མཚར་སྐྱེ་འོས་པ་ཞིག་རེད་ལ། ལོ་ངོ་ཁྲི་སྟོང་རིང་། བྱང་གི་ཚྭ་མཚོ་དང་ཐག་རིང་བའི་ཡུལ་དེའི་མི་རྣམས་མི་རབས་ནས་མི་རབས་སུ་ཡུན་རིང་འཚོ་སྡོད་བྱས་པའི་བརྒྱུད་རིམ་ནང་ཆུ་འགོ་དེ་དག་ལ་ལན་ཚྭའི་འདུས་ཚད་མཐོན་པོ་ཡོད་པ་གསར་རྟོགས་ཐུབ་ཅིང་། སྐམ་ལ་འདོན་པའི་ལག་རྩལ་ཇེ་བཟང་ཇེ་ལེགས་སུ་ཕྱིན་པའི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས། གནའ་མི་རྣམས་ཀྱི་འཚོ་གནས་གསར་གཏོད་དང་། རང་བྱུང་ཁམས་ཀྱི་ཁྱད་ཆོས་ཤེས་རྟོགས་ཐུབ་ཚད་ལ་མོས་གུས་ཀྱི་མགོ་ལྕོག་མི་ལྡེམ་ཀ་མེད་ལགས།

    གསུམ། ཚྭ་ཁ་ལྷོའི་སྣོན་ཐུག

    སྨར་ཁམས་སུ་འགྲོ་མ་མྱོང་བའི་མི་རྣམས་ཀྱིས་ཀྱང་། ཚྭ་ཁ་ལྷོའི་ཐུག་པའི་བྲོ་བ་མྱངས་མྱོང་ཡོད་ལ། ཚྭ་ཁ་ལྷོ་ཤར་ནུབ་གང་དུ་ཡོད་མེད་མ་ཤེས་གོང་ནས་ཚྭ་ཁ་ལྷོར་སྣོན་ཐུག་ཅེས་པ་ཞིག་ཡོད་པ་ཤེས་ཀྱི་ཡོད། ད་དུང་དེང་གི་ནང་སའི་ཡུལ་སྐོར་བ་མི་ཉུང་བས་བོད་ཀྱི་བཟའ་འཐུང་གོམས་སྲོལ་གཞན་དག་ལ་རྒྱུས་མངའ་མ་བྱུང་བའི་གོང་ནས་ཚྭ་ཁ་ལྷོའི་སྣོན་ཐུག་གོ་མྱོང་བས། ཆེད་དུ་བོད་ལ་ཚྭ་ཁ་ལྷོ་ཞེས་པའི་ས་ཆ་དེ་ཉིད་རྩད་བཅད་ནས་སྣོན་ཐུག་གི་བྲོ་བ་མྱོང་བར་ཡུལ་དེར་ཆེད་དུ་ཡོང་མཁན་ཡང་ཉུང་ཉུང་མིན། དེར་བརྟེན་ཚྭ་ཁ་ལྷོའི་རྒུན་ཆང་དང་། ཚྭ་ཞིང་ཕུད། ཚྭ་ཁ་ལྷོའི་སྣོན་ཐུག་ཀྱང་ཚྭ་ཁ་ལྷོའི་མཚོན་རྟགས་སུ་གྱུར་ཡོད་ལ། སྣོན་ཐུག་བརྒྱུད་ནས་ཚྭ་ཁ་ལྷོ་ཤེས་ཚོར་བྱུང་མཁན་མང་པོ་ཡོད།

    ཁོ་བོའང་ཚྭ་ཁ་ལྷོ་ཞེས་པའི་མིང་ཚིག་དེ་ཉིད་སྣོན་ཐུག་བརྒྱུད་ནས་ཐོག་མར་ཐོས་བྱུང་། ཕྱིར་དྲན་བྱས་པ་འཕྱུགས་མེད་ཚེ། དེ་ནི་ཕལ་ཆེར་སྤྱི་ལོ་2010ལོ་ཙམ་ལ་ཡིན། ལྷ་སར་ཡུན་རིང་འདུག་མྱོང་བའི་གྲོགས་པོ་ཞིག་གིས་ང་ཚོ་གྲོགས་པོ་ཚོར་སེ་ར་ལམ་དུ་ཚྭ་ཁ་ལྷོའི་སྣོན་ཐུག་ཅེས་པའི་ཐུག་པ་འཐུང་ས་ཞིག་ཡོད་ཅིང་། བྲོ་བ་ཞིམ་ལ་དམིགས་བསལ་ཁྱད་ཆོས་ལྡན་ཚུལ་བཤད་བྱུང་བས། ང་ཚོ་དེར་སོང་ནས་ཚྭ་ཁ་ལྷོའི་ཐུག་པ་འཐུང་བའི་ཞོར་ལ་གྲོགས་པོ་དེའི་ས་ནས་སྣོན་ཐུག་གི་འབྱུང་ཁུངས་ཚྭ་ཁ་ལྷོ་ཞེས་པར་རྒྱུས་མངའ་རོབ་ཙམ་བྱུང་། དེ་རྗེས་ཚྭ་ཁ་ལྷོའི་སྣོན་ཐུག་སྐད་གྲགས་ཇེ་ཆེར་སོང་ཞིང་། ཧ་ལམ་བོད་ཀྱི་གྲོང་ཁྱེར་ཕལ་མོ་ཆེར་ཚྭ་ཁ་ལྷོའི་སྣོན་ཐུག་ཁང་མཐོང་རྒྱུ་ཡོད་པས། རང་ཉིད་གནས་མལ་བཅའ་སའི་ནག་ཆུ་གྲོང་དུ་ཡང་ཚྭ་ཁ་ལྷོའི་སྣོན་ཐུག་ཁང་ཡོད་ཅིང་། སྣོན་ཐུག་གི་བྲོ་བས་མི་དེ་བས་མང་བའི་ཡིད་ལ་ཚྭ་ཁ་ལྷོའི་བག་ཆགས་བཞག་ཡོད་ལ། སྣོན་ཐུག་བརྒྱུད་ནས་ཚྭ་ཁ་ལྷོར་འགྲོ་འདོད་ཀྱི་འདུན་པ་སྐྱེ་མཁན་ཡང་མི་ཉུང་བ་ཡོད། འོན་ཀྱང་། ཚྭ་ཁ་ལྷོའི་སྣོན་ཐུག་འཐུང་མཁན་མང་པོ་ཞིག་གིས་ལྷ་ས་སོགས་ལ་ཡོད་པའི་ཚྭ་ཁ་ལྷོའི་སྣོན་ཐུག་དེ་དག་སྣོན་ཐུག་གི་ཐོག་མའི་འབྱུང་ཁུངས་ཚྭ་ཁ་ལྷོ་རང་ལྟ་བུའི་བྲོ་བ་མེད་པ་དང་། ཐ་ན་ཁ་ཤས་མིང་ཚྭ་ཁ་ལྷོའི་ཐུག་པ་བཏགས་པ་ཙམ་ལས་དོན་དུ་ཚྭ་ཁ་ལྷོའི་སྣོན་ཐུག་གི་གཡོས་སྦྱོར་ལག་རྩལ་གཏན་ནས་མི་ཤེས་ཚུལ་སོགས་ལབ་གླེང་སྣ་ཚོགས་ཡོད་སྟབས། ཚྭ་ཁ་ལྷོ་ལ་དངོས་སུ་བསྐྱོད་དེ་སྣོན་ཐུག་གི་བྲོ་བ་ཇི་བཞིན་མྱོང་རོལ་བྱེད་འདོད་ཀྱི་འདུན་པ་སེམས་ཁོངས་སུ་ཡུན་རིང་ཉར་ཡོད།

    རིང་ནས་ཚྭ་ཁ་ལྷོའི་སྣོན་ཐུག་གི་སྙན་གྲགས་ཡིད་ལ་བཅངས་ཤིང་། ལྷ་ལྡན་གྲོང་ནས་སྣོན་ཐུག་གི་བྲོ་བ་མྱངས་མྱོང་བའི་ཁོ་བོར་མཚོན་ན། ཐེངས་འདིར་ཚྭ་ཁ་ལྷོར་དངོས་སུ་བསྐྱོད་པའི་གོ་སྐབས་ཐོབ་པས། སྣོན་ཐུག་གི་བྲོ་བ་མཐར་ཕྱིན་པ་མྱོང་རྒྱུ་སྔ་ས་ནས་འཆར་གཞི་བཏིང་ཡོད་ལ། དེ་ནི་ང་ཙམ་མ་ཟད། དེར་ཡོད་རྩོམ་པ་པོ་ཚང་མའི་འཆར་གཞི་ཉག་གཅིག་ཡིན་པར་མངོན། རྒུན་ཆང་བཟོ་གྲྭར་ལྟ་སྐོར་ཕྱིན་ཚར་རྗེས་དེར་ཡོད་རྩོམ་པ་པོ་རྣམས་ཚང་ཚིང་ལྗོན་ཤིང་གིས་བསྐོར་བའི་ལམ་ཕྲན་ཞིག་བརྒྱུད་དེ་ཕྱིན་པས། སྣོན་ཐུག་གིས་གཙོས་པའི་ཚྭ་ཁ་ལྷོའི་དམིགས་བསལ་ཟས་རིགས་དུ་མ་ལྡན་པའི་ཟ་ཁང་ཞིག་ཏུ་འབྱོར།

    ཟ་ཁང་གི་སྒོ་འགྲམ་དུ་མགོ་རྒྱན་བཅིངས་པའི་སྨར་ཁམས་ཀྱི་ན་ཆུང་མ་ཁྱུ་ཞིག་གིས་བསུ་བ་ཞུ་བཞིན་འདུག་ལ། ནང་དུ་རོ་བརྒྱའི་ཞལ་ཟས་སྣ་ཚོགས་སྡེར་ཁ་སྒྲིག་ནས་མཆོད་དང་བཞེས་ཀྱི་སྣེ་ལེན་གནང་བྱུང་། འོན་ཀྱང་ཁོ་བོ་ཅག་ནི་རིང་ནས་ཡིད་ལ་རྣག་པའི་སྣོན་ཐུག་ཁོ་ན་ལས་ཞིམ་མངར་བྲོ་ལྡན་གྱི་ཚལ་རིགས་དེ་ཚོར་དོ་སྣང་ཙམ་ཡང་མི་བྱེད་ཅིང་། ཐ་ན་ལ་ལས་སྔོ་ཚལ་དེ་ཚོ་ཟོས་དྲགས་ན་སྣོན་ཐུག་བཏུང་ཐུབ་ཀྱི་མ་རེད་ཅེས་སེམས་ཁྲལ་ཡང་བྱེད། དུས་ཚོད་ཕྱེད་ཀ་ཙམ་སྒུག་པས། དེར་ཡོད་མི་རྣམས་སྣོན་ཐུག་འཐུང་འདོད་ཀྱིས་བྱིས་པ་པྲ་ཚགས་ཞིག་དང་འདྲ་བར་ཡར་ལྡིང་མར་ལྡིང་བྱེད་བཞིན་འདུག་ལ། ཐ་ན་འགའ་རེས་ཞབས་ཞུ་མ་ཚོར་སྣོན་ཐུག་ག་དུས་བླུག་རྩིས་ཡོད་མེད་སྐད་ཆའང་དྲིས་སོང་། ཞབས་ཞུ་མ་དེ་དག་གིས་ཁྱེད་ཚོར་བཏུང་ཤེད་ཡོད་ན་སྣོན་ཐུག་ག་ལེར་བླུག་ཆོག ད་དུང་སྣོན་ཐུག་བཏུང་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་བརྒལ་ནུས་ཚེ། ཟས་རིན་སྐར་མ་གཅིག་ཀྱང་མི་ལེན་ཟེར། དེ་མུར། དེར་ཡོད་ལ་ལས་ལོ་རྒྱུས་ཀྱི་ཟིན་ཐོ་བརྒལ་དགོས་ན་ག་ཚོད་འཐུང་དགོས་སམ་ཟེར་སྐབས། ཞབས་ཞུ་མ་དེས་འཛུམ་དམུལ་དམུལ་གྱི་སྒོ་ནས་ན་ནིང་ནང་སའི་ཡུལ་སྐོར་བ་ཞིག་གིས་སྣོན་ཐུག་ཕོར་པ་བརྒྱ་དང་བཞི་བཅུ་བཏུང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་གཏོད་པ་རེད། ཁྱེད་ཚོ་མི་གཅིག་གིས་སྣོན་ཐུག་དེ་ལས་མང་བ་འཐུང་ནུས་ན་ལོ་རྒྱུས་ཀྱི་ཟིན་ཐོ་བརྒལ་བ་རེད་ཟེར། ཚང་མ་ཧ་ལས་ཧང་སང་གིས་ཕྱིར་ནུར་ཤིག་ཤིག་བྱེད་སྐབས། གཅིག་གིས་སྣོན་ཐུག་ཞིམ་དྲགས་པས་གྲོད་ཁོག་སྟོང་པར་འཐུང་རྒྱུ་བྱུང་ན་ཟིན་ཐོ་བཏོད་ནུས་པའི་གདེང་ཚོད་ཡོད་ཀྱང་། ད་གིན་ཚལ་རིགས་བཟས་དྲགས་ནས་ད་འཐུང་ཐུབ་པ་མི་འདུག་ཅེས་བརྗོད་པར་དེར་ཡོད་མི་རྣམས་གད་མོ་ཤོར།

    དེ་མུར་སྒྲོག་ཙེ་རིང་པོ་ཞིག་འཁུར་ཡོང་ནས་དེའི་སྟེང་དུ་སོལ་རླངས་ཀྱི་ཐབ་ཀ་ཞིག་སྒྲིག་སོང་ལ། ཕོར་པ་དང་། ཁེམ་བུ་སོགས་སྣོན་ཐུག་འཐུང་བའི་ཡོ་བྱད་རྣམས་སྒྲིག་བྱུང་བས། དེར་ཡོད་མི་རྣམས་འཚང་ཁ་ཤིག་ཤིག་གིས་ལྟ་ཞིང་། ལ་ལས་བརྙན་དང་པར་དུ་ལེན་འགོ་བརྩམས།

    དེ་ནས་ཞབས་ཞུ་མ་དེ་དག་གིས་མི་རེའི་མདུན་དུ་སྣོན་ཐུག་ཕོར་པ་གང་རེ་དང་། འཐུང་གྲངས་རྩི་བྱེད་དུ་སྒྲོག་ཙེ་རེའི་སྟེང་ལ་རྡེའུ་སྡེར་མ་གང་རེ་བཞག་བྱུང་། ང་ཚོས་སྣོན་ཐུག་འཐུང་རིམ་བཞིན་ཞབས་ཞུ་མ་དག་གིས་ཐུག་ཕོར་གསར་པ་སྣོན་པ་དང་མཉམ་དུ་རྡེའུ་རེ་ལེན་བཞིན་འདུག འཐུང་ཤེད་སུ་ཆེ་བལྟས་པའི་མཐའ་མཇུག་ཏུ་དེར་ཡོད་མི་རྣམས་ལས་ཐུག་ཕོར་བཅོ་ལྔ་འཐུང་ཐུབ་མཁན་ཡང་རེ་གཉིས་ལས་མི་འདུག་ལ། མང་ཤོས་ཀྱིས་ཐུག་ཕོར་ལྔ་དྲུག་ཙམ་རེད།

    སྣོན་ཐུག་བྱུང་ཚུལ་ཐད་ལ། ཡུལ་དེའི་ན་གཞོན་རིག་གནས་པ་ཞིག་གིས་གསུངས་པ་ལྟར་ན། གནའ་སྔ་མོའི་ཚྭ་ཁ་ལྷོ་ནི་འཇང་གི་ཁོངས་གཏོགས་ཡིན་ཞིང་། འཇང་རྒྱལ་པོ་བསོད་ནམས་རབ་བརྟན་ཞེས་པ་ཚྭ་ཁ་ལྷོར་ཡོང་སྐབས། ཡུལ་དེའི་མི་རྣམས་ནས་ཐུག་པ་སྐོལ་ཏེ་དུད་ཚང་ཀུན་ལ་གདན་ཞུ་བྱས་པར། རྒྱལ་པོ་བསོད་ནམས་རབ་བརྟན་གྱིས་ཀུན་གྱི་རེ་འདུན་སྐོང་ཆེད་དུད་ཚང་ཚང་མར་བསྐྱོད་དེ། ཐུག་པ་ཁམ་གང་རེ་བཏུང་པས། དེ་ནས་བཟུང་ཚྭ་ཁ་ལྷོའི་སྣོན་ཐུག་དར་བའི་ཤོད་སྲོལ་ཡོད་པར་བཤད།

    ཚྭ་ཁ་ལྷོའི་ཡེ་ཤུའི་ལྷ་ཁང་།

    གསུམ། སློབ་གྲྭ་འགྲིམ་པའི་སྲོལ་བཟང་།

    དེང་གི་དུས་སུ་ཚྭ་ཁ་ལྷོ་ནི་ཕྱོགས་བཞི་མཚམས་བརྒྱད་དུ་འགྲུལ་བཞུད་སྟབས་བདེ་བའི་སྣུམ་ནག་ལམ་ཆེན་ཤར་གཏོང་ཐུབ་སྟེ། འགྲིམ་འགྲུལ་ཧ་ཅང་སྟབས་བདེ་ཡིན་མོད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་ནང་། ནམ་མཁར་སྙེགས་པའི་རི་ཚོགས་མཐོན་པོ་དང་། གཡང་གཟར་ཆེ་བའི་འགག་འཕྲང་དོག་མོ། རྦ་རླབས་དྲག་ཏུ་འཕྱོ་བའི་གཙང་ཆུ་བཅས་ཀྱིས་བསྐོར་བའི་ཚྭ་ཁ་ལྷོ་ནི་ཆབ་མདོ་གྲོང་ཁྱེར་དང་ལྷ་ས་སོགས་ཐག་རིང་རྣམས་ཕར་བཞག སྨར་ཁམས་རྫོང་དུ་བསྐྱོད་པར་ཡང་འགྲུལ་བཞུད་ཀྱི་དཀའ་ངལ་ཤིན་ཏུ་ཆེ་བ་སྨོས་མེད་ལགས། ལྷག་པར་དུ། ས་ཆ་དེར་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་དུས་སྐབས་ནས་འགོ་བཙུགས་ཏེ། བུ་ཕྲུག་སློབ་གྲྭར་གཏོང་རྒྱུར་མཐོང་ཆེན་བྱེད་པའི་སྲོལ་རྒྱུན་བཟང་ཞིང་། དེ་ཡང་སྲིད་ཇུས་བཟང་པོའི་ཐུགས་རྗེའི་བཀའ་དྲིན་ལས་བྱུང་བ་སྨྲོས་མི་དགོས།

    སློབ་གྲྭ་འགྲིམ་པའི་སྲོལ་བཟང་དེས་ཚྭ་ཁ་ལྷོའི་བུ་ཕྲུག་དེ་བས་མང་བ་དེང་སྐབས་བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཆེད་མཁས་པར་གྱུར་ཡོད། ཚྭ་ཁ་ལྷོའི་ཉེ་འཁོར་གྱི་ཤང་དང་གྲོང་ཚོ་གཞན་དག་ལ་ཡང་མིག་ལྟོས་བཟང་པོ་དེ་དག་གི་ཤུགས་རྐྱེན་ལས་རིམ་བཞིན་བུ་ཕྲུག་སློབ་གྲྭར་གཏོང་བའི་འདུ་ཤེས་ཆགས་ཤིང་། ཁོ་ཚོས་ཚྭ་ཁ་ལྷོ་དང་སྨར་ཁམས་རྫོང་ཙམ་མ་ཟད། ཆབ་མདོ་ཧྲིལ་པོའི་སྤྱི་ཚོགས་ལས་རིགས་ཁག་གི་བྱ་གཞག་གསར་བསྐྲུན་བྱེད་མཁན་གྱི་རྐང་འཛིན་པར་གྱུར་འདུག དཔེར་ན། གུས་པས་གོ་ཐོས་བྱུང་བའམ། དྲ་ཐོག་ནས་ངོ་ཤེས་པའི་ཆབ་མདོའི་རྩོམ་གྲོགས་རྣམས་ཀྱང་ཚྭ་ཁ་ལྷོ་ནས་ཡིན་འདུག་ཅིང་། ཁོང་ཚོ་ཆབ་མདོའི་སློབ་གསོ་དང་སྲིད་འཛིན། དྲིལ་བསྒྲགས་བྱ་བ་སོགས་གལ་ཆེའི་ལས་གནས་ཁག་གི་རྐང་འཛིན་པ་གནང་བཞིན་འདུག

    ཚྭ་ཁ་ལྷོའི་སྐས་དབྱིབས་ཀྱི་ཚྭ་ཞིང་།

    མཇུག་མཐའི་ཚོར་བ།

    ཚྭ་ཁ་ལྷོ་ནི་ཁམས་ཁུལ་གྱི་མུ་ཏིག་རྡོག་གཅིག་ཡིན་ལ། ཆབ་མདོའི་ས་ཆ་གཞན་ལ་ཡང་ཚྭ་ཁ་ལྷོ་དང་འདྲ་བའི་མུ་ཏིག་གི་རྡོག་པོ་མང་དུ་ཡོད་མོད། མུ་ཏིག་དེ་དག་གི་བཀྲག་མདངས་དང་། འོད་སྣང་ད་དུང་ཡུལ་གྲུ་གཞན་ལ་འཕྲོས་མ་ཐུབ་པར་ལུས་ཡོད་པར་སྣང་།

    ཐེངས་འདིའི་འགྲུལ་བཞུད་ལས། ཁམས་པའི་བློ་སྟོབས་དང་། ཁམས་པའི་སྒྱུ་རྩལ། ཁམས་མོའི་མཆོར་སྒེག ཁམས་པའི་ལག་ཤེས་བཅས་ཀྱིས་ལམ་རོགས་ཚོར་བག་ཆགས་མི་དམན་པ་བཞག་སོང་ལ། མ་འོངས་པར་ལོ་རྒྱུས་རིག་གནས་དང་། ཡུལ་གྱི་མཛེས་སྡུག་ཕུལ་དུ་བྱུང་བའི་ཆབ་མདོར་རྩོམ་རིག་སྒྱུ་རྩལ་གསར་རྩོམ་ལ་འབད་མཁན་གྱི་གཞོན་སྐྱེས་དེ་བས་མང་བ་འཚར་ལོངས་ཡོང་བའི་སྨོན་འདུན་ལན་བརྒྱར་ཞུ།

    ཁམས་པའི་མཛེས་སྡུག་འཛམ་གླིང་ཧྲིལ་པོར་ངོམ་ན་བསམ་ཚེ། བྱ་གཞག་དེའི་ཐད་ལ་འབད་འབུངས་བྱ་རྒྱུ་དེ་ཡང་དུས་རབས་ཀྱིས་སྐུལ་བའི་དེང་གི་སྐྱེས་བུ་ཚོའི་འགན་འཁྲི་ཉག་ཅིག་ཏུ་མངོན།

    རྩོམ་ཐུང་འདི་ནི་ཉིན་ཞག་ཁ་ཤས་ཀྱི་འགྲུལ་བཞུད་ཀྱི་མྱོང་བ་ཙམ་ཡིན་སྟབས། ཡུལ་དེར་ཤེས་རྟོགས་བྱེད་པའི་ཟབ་ཚད་མ་འདང་བ་དང་། རང་འདོད་གང་བྱུང་གླེང་བ། མི་བདེན་རྫུན་གྱི་དྲི་མས་སྦགས་ཡོད་ཀྱང་སྲིད་པས། རྒྱ་ཆེའི་ཀློག་པ་པོ་དང་ཡུལ་དེའི་སྐྱེས་བུ་རྣམས་ལ་བཟོད་གསོལ་ཞུ།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393486771