བོད་ལྗོངས།
མེ་ཏོག་གསོ་མཁན།

    ——དགེ་རྒན་དུས་ཆེན་ལ་ཕུལ།

    དཔལ་ལྡན་ལྷུན་གྲུབ།

    ཀ་མད་སུམ་ཅུའི་སྒྲ་དོན་འཇུག་ཡུལ་སོགས། །

    ཁ་ཞེ་གཉིས་མེད་ཀུན་ལ་མཛུབ་སྟོན་གྱིས། །

    ག་དུས་ཡིན་ཡང་དཔེ་ཁྲིད་མི་སྐྱོང་མཁན། །

    ང་ཡི་དགེ་བའི་བཤེས་གཉེན་གཙུག་ཏུ་མཆོད། །

    ཅ་ཅོའི་འུར་དང་རྣམ་གཡེང་ལེ་ལོ་མེད། །

    ཆ་མེད་འགྲོགས་དང་ངག་འཁྱལ་སྤོབས་པ་མེད། །

    ཇ་ཆང་ལོངས་སྤྱོད་ཁེ་ཕན་རྩོད་ཉོག་མེད། །

    ཉ་ཉུང་མཉམ་བསྲེས་མེད་པའི་བཤེས་དེ་མཆོག །

    ཏ་ལེར་མངོན་པའི་རིག་པའི་གཞུང་ལུགས་ཀུན། །

    ཐ་དད་ཕྱོགས་ཞེན་མེད་པའི་སློབ་བུ་ཚོར། །

    དང་ལེན་བརྩོན་ཞིབ་ཐུབ་པའི་བགྱི་བ་ཡིས། །

    ན་མར་བློ་གྲོས་ལྡེ་མིག་བསྩལ་འདི་བསྔགས། །

    པ་ཕ་ཨ་མ་བཞིན་དུ་འཇིག་རྟེན་གྱི། །

    ཕར་ཚུར་སྲོལ་བཟང་མ་ལུས་སློབ་སྟོན་དང་། །

    བ་བེར་རྨོངས་པ་སེལ་བའི་བློ་གྲོས་ཤིག །

    མ་ལུས་སྦྱིན་པར་མཛད་པའི་དགོངས་པ་ཟབ། །

    ཙག་ཙིག་བྱ་བ་ཀུན་ལ་མཁྱེན་དཔྱོད་ཡངས། །

    ཚ་གྲང་དཀའ་སྡུག་གང་ལའང་བཟོད་བསྲན་དང་། །

    ཛ་དྲག་ཤེས་དཔལ་ལམ་བུར་མི་སྐྱོང་གི །

    ཝ་ལེར་ཕུགས་འདུན་མངོན་པའི་ལས་འདི་མཆོག །

    ཞར་ཞོར་ཁོམ་སྐབས་ཀུན་ལ་སློབ་གཉེར་དང་། །

    ཟ་ཟིར་ཧོད་རྒྱུགས་མེད་པར་དཔེ་ཁྲིད་གཙོས། །

    འ་ཅག་ཀྲུང་ཧྭའི་རླབས་ཆེན་ཕུགས་འདུན་ཆེད། །

    ཡང་ཡང་མངོན་འགྱུར་ཡོང་བའི་ལྷག་བསམ་དཀར། །

    རག་རྒན་གསེར་རྫུས་མ་ལགས་དྲང་བདེན་གྱིས། །

    ལ་འུར་རྨོངས་མུན་འཇོམས་པའི་ལས་ལ་བརྩོན། །

    ཤ་ཚ་ཆེན་པོས་སྣབས་ལུད་བྱིས་པ་རྣམས། །

    ས་འདིའི་མེ་ཏོག་བཞིན་དུ་སྐྱོང་བར་བྱམས། །

    ཧ་ཅང་ཕལ་སྐད་ལམ་ནས་བསྔགས་པ་ཡིས། །

    ཧ་གོ་དོན་གྱིས་ཕོངས་པའི་གཏམ་གླེང་འདི། །

    ཨ་ཙི་བཤེས་གཉེན་མཆོག་གི་དུས་ཆེན་གྱི། །

    ཨ་མཚར་རྟེན་འབྲེལ་དོད་དུ་གུས་པར་ཕུལ། །

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393665771