བོད་ལྗོངས།
བཅོ་ལྔའི་ཟླ་བ་དང་དྲན་འཆར།

    དུས་ངེས་མེད་དུ་ལྡང་བའི་དགུན་ཐོག་མའི་གྲང་རླུང་ངར་མས་གྱོན་གོས་མཐུག་པོ་གོན་པའི་མི་རྣམས་ཀྱི་ལུས་དྲོད་བཅོམ་མི་ཐུབ་ཀྱང་། བར་མཚམས་མི་ཆད་པའི་རླུང་ངར་གྱིས་ཕྱོགས་མཚམས་གང་སར་འཕྱོ་བའི་ཐལ་རྡུལ་དེ་མིག་ལ་ཤིན་ཏུ་གཟན་ལ། ལམ་འགྲམ་གྱི་གློག་ཤིང་ཐོག་དཔྱང་པའི་གློག་སྐུད་དང་ཡལ་འདབ་བསྐྱུར་ནས་ཧྲེང་བུར་ལངས་པའི་ལྗོན་ཤིང་དག་ལ་བསྐྱི་སེར་རླུང་བུ་བརྡབས་པའི་ཤུར་སྒྲ་དེའང་རྣ་བའི་དགྲ་ཟླར་ལངས།

    མཁའ་རླུང་དག་ནི་ཚེ་སྲོག་རིང་འཚོ་བར། །

    སེ་གོལ་ཏོག་ཙམ་ཆད་དུ་མི་རུང་ཞེས། །

    ཚན་རྩལ་རིག་པས་དོན་ངོ་འཕྲོད་གྱུར་ཀྱང་། །

    ལུས་སེམས་འདི་ལ་ཁྱོད་ལས་སུན་པ་ཅི། །

    ཨ་ཀྱང་ཀུ་རེ་ཞུས་དོ་རླུང་གི་ཁམས། །

    འབྱུང་བའི་འཁོར་ལོ་ཚུལ་བཞིན་འཁོར་བ་འདི། །

    བསྐལ་པ་སྟོང་ཕྲག་འཇིག་རྟེན་མི་ཞིག་པར། །

    གཏན་བདེ་དཔལ་ཡོན་བཞད་པའི་ཆོ་ག་ལགས། །

    དེ་རིང་ས་སྲོད་དུ་སླར་ཡང་རླུང་ཆེན་ལྡང་ནས་ཁྲ་ཆིལ་ལེར་སྣང་བའི་གློག་འོད་འོག་རྡུལ་འཚུབ་ཀྱི་སྐྱོ་གར་འཁྲབ་པས། གློག་འོད་ཕན་ཚུན་འདྲེས་པའི་འཇའ་རིས་དེ་ཡང་ཐལ་རྡུལ་གྱིས་ཁུག་རྣའི་མདོག་ཏུ་བསྒྱུར་ཅིང་། མི་རྣམས་ལ་དགུན་གསུམ་ལོ་ལས་རིང་བའི་སྣང་བ་ངང་ངམ་དུ་འཆར། དེ་ལྟར་ཡང་བདག་གིས་དུས་དེ་རིང་ལྟ་ཞོག ལོ་ཟླ་དུ་མར་རང་དང་བཅས་པས་ཉི་ཆར་རླུང་གསུམ་དང་འགྲོགས་ནས། མི་ཡུལ་དུ་གནས་བཅའ་བས་འབྱུང་བཞིའི་འཁོར་བགྲོད་ལ་འཁང་ར་བགྱིས་པ་ནི། རང་ཉིད་བྱབ་ཆུང་བ་ཞིག་ཡིན་ཞེས་བརྗོད་པ་དང་ཁྱད་ཅི་ཡོད་སྙམ་བཞིན་དུ། རླུང་པོས་མགོ་སྐྱེས་ལྗོན་པ་ཟང་ཟིང་བཟོས་པར་ཇི་མི་སྙམ་པར་མདུན་དུ་སོང་སྟེ། རླུང་ངར་ཅུང་ཆུང་ངུར་སྣང་བའི་སྤྱི་གླིང་ནང་དུ་སླེབས།

    དེང་སང་བརྙན་འཕྲིན་དང་། ཚགས་པར། དུས་དེབ། སྐད་འཕྲིན་སོགས་དྲིལ་བསྒྲགས་ཡོ་བྱད་ནས་མི་ལུས་ཡུན་རིང་ཙམ་གནས་པར་མི་ལུས་རང་གི་ནུས་པར་རྟེན་དགོས་པའི་ཚན་རིག་གི་ལྟ་བ་འགྲེལ་བཞིན་པ་དང་། གོམ་བགྲོད་ནི་མི་རྣམས་བདེ་ཐང་ལ་ཧ་ཅང་ཕན་པའི་སྦྱོང་བརྡར་གྱི་རྣམ་གྲངས་འབའ་ཞིག་ཡིན་པའི་གདམས་ངག་སྟོན་བཞིན་པ་དེ་ཡིད་ལ་བཞག་ནས། སྤྱི་གླིང་གི་ཁྱོག་བགྲོད་ལམ་བུའི་ཐོག་ཆས་ཀྱིན་འདྲེན་བྱེད་ལམ་དུ་རི་གནམ་འདྲེས་པ་ལྟ་བུར་མངོན་པའི་ཤར་ཕྱོགས་སུ་རྒྱང་ལྟ་བྱས་པའི་ཚེ། ལྷ་ལྡན་ནེའུ་ཆུང་རི་བོའི་རྩེ་མོ་ནས་དཔག་ཚད་རེ་གཉིས་འཕགས་པའི་ནམ་མཁའི་མཐོངས་ནས། སྒོར་མོ་རྔ་དབྱིབས་དང་མཚུངས་པའི་ཚེས་ཆེན་བཅོ་ལྔའི་ཟླ་བ་དེས་འོད་མདངས་ཆེམ་ཆེམ་དུ་སྤྲོས་པ་ནི། དེས་ཟོར་བའི་དབྱིབས་དང་འདྲ་བའི་ཚེས་གསུམ་ཟླ་བ་ནས་ལང་ཚོ་རིམ་གྱིས་རྒྱས་པའི་བཞིན་རས་ངོམ་བཟོ་བྱེད་པར་སྣང་ངོ་།

    སྨག་རུམ་ཡོངས་སུ་འཐིབས་ཁའི་མཐིང་མདོག་གནམ། །

    ཅུང་ཟད་མོག་འགོ་ཚུགས་པའི་བཞིན་རས་ངོགས། །

    ཟླ་རེར་ཀྲིག་ཅར་ཤར་བའི་བཅོ་ལྔའི་ཟླ། །

    རྒྱུ་སྐར་རྒྱལ་པོ་ཞེས་པ་མཚན་དོན་མཚུངས། །

    ཡར་ཕྱོགས་མར་ཕྱོགས་འཕེལ་འགྲིབ་སྒྱུ་འཕྲུལ་ལྡན། །

    བསིལ་ཟེར་འོད་ཀྱི་ཁྱིམ་དུ་རི་བོང་བཙུད། །

    འཇིག་རྟེན་མུན་གྱིས་བཅོམ་པའི་མཚན་གྱི་དུས། །

    ཞལ་ཆད་མི་འགྱུར་དཀར་འོད་འཛུམ་མདངས་ཁྱབ། །

    མཚན་ཞག་སུམ་ཅུར་དབུགས་ངལ་མི་གསོ་བར། །

    མཁའ་ལམ་ཡངས་པོར་དལ་བུར་བཞུད་ཀྱིན་དུ། །

    བགྲང་ཡས་སྐར་མའི་རྒྱལ་པོའི་གཟུགས་འཛིན་ཅིང་། །

    ཀུ་མུད་མེ་ཏོག་བཞད་པའི་བདུད་རྩི་འཇོ། །

    ཉ་གང་བཞིན་རས་མཛེས་དཔལ་རྨད་དུ་བྱུང་། །

    ཟླ་བ་གཞོན་ནུའི་གཞས་ཚིག་སྙན་པོ་གྲུབ། །

    དོ་ནུབ་ན་སོའི་འཇོ་སྒེག་ཁྱད་དུ་འཕགས། །

    ཟླ་གཞོན་ཁྱེའུ་ཡི་སྤྲུལ་སྐུ་ངོ་མཚར་ཆེ། །

    ས་སྲོད་མུན་པའི་ཀློང་དུ་འཆར་བའི་ཚེས་ཆེན་བཅོ་ལྔའི་ཟླ་བ་དེར་བསམས་བཞིན་དུ། དྲན་པའི་ཀློང་དུ་གཞོན་ནུའི་དུས་ཀྱི་འདས་དོན་མང་པོ་ཞིག་ཅིག་ཅར་དུ་འཆར་འོང་སྟེ། མདུན་དུ་སྤོ་བཞིན་པའི་གོམ་པ་དེ་རྟ་ཁ་སྲབ་ཀྱིས་ཡང་ཡང་འཐེན་པ་ལྟར་གྱུར། སྤྱི་གླིང་ནང་གི་གཞུ་མོ་བཀུག་པ་དང་འདྲ་བའི་རྡོ་ཟམ་གྱི་ཐོག་འཛེག་འཕྲོ་བཞག་སྟེ་མར་ལས་བྱས་པ་ལྟ་བུའི་རྡོའི་རྐུབ་སྟེགས་འཇམ་པོའི་ཐོག་བསྡད་ནས་ལྷོད་ཙམ་བྱས་ཙ་ན། རིམ་བཞིན་བསིལ་ཟེར་ཟླ་བའི་འོད་མདངས་ཆེར་རྒྱས་ཏེ། ནམ་དགུང་དུ་སྐར་མ་ཆེ་ཆུང་སྣ་ཚོགས་གཅིག་རྗེས་གཉིས་སྙེག་ངང་མིག་ལམ་དུ་མངོན་འོང་བ་དེ་དག་ཀྱང་། རང་འོད་ཇེ་ཆུང་དུ་སོང་བ་ནི། ཟླ་འོད་ཀྱི་གཟི་བྱིན་མ་ཐེག་པར་རང་མདངས་ཆུང་ངུར་བྱས་པའམ་ཡང་ན་ཟླ་འོད་ཀྱིས་གསལ་མིན་སྐར་འོད་རེ་ཞིག་ངལ་གསོར་སྡོད་ཅེས་སྨྲས་ཏེ། སྐར་འོད་ཆུང་དུ་སོང་བ་དང་ཡང་འདྲ།

    སྐབས་དེར་སྤྱི་གླིང་དང་བར་འགྱངས་གང་ཙམ་ཆོད་པའི་སྣུམ་ནག་གཞུང་ལམ་སྟེང་དུ་རྒྱུན་མི་ཆད་པར་རྒྱུག་པའི་རླངས་འཁོར་ཆེ་ཆུང་སྣ་ཚོགས་ཡོད་པས་ཀྱང་། རང་བགྲོད་ཀྱི་འུར་སྒྲ་ཙམ་ལས་མཚམས་ཚིགས་མེད་པར་སྒྲོག་པའི་དུང་བརྡ་མི་སྒྲོག་པར་མནལ་དུ་ཞུགས་ལ་ཉེ་བའི་སྐྱེ་བོའི་རྣ་བ་འཇམ་ཐིང་ཐིང་ཡོང་བ་བྱེད་པ་དང་འདྲ་ལ། གནས་གང་རུང་གི་སྐྱེ་བོས་འདས་དོན་ལ་བསམ་གཞིག་དང་མ་འོངས་པར་སེམས་ཀྱིས་རྒྱང་ལྟ་བྱེད་པར་ཁུ་སིམ་ཏིང་འཛིན་གྱི་ཁོར་ཡུག་ཅིག་སྐྲུན་འགོ་ཚུགས་པར་མངོན།

    ནམ་མཁར་བཞུད་པའི་བཅོ་ལྔའི་ཟླ་བའི་གོམ་བགྲོད་དལ་མྱུར་ནི་ཉིན་མོར་ཚ་ཟེར་ཅན་གྱིས་མཁའ་དབྱིངས་ཀྱི་ཞེང་ཚད་འཇལ་དུས་ཀྱི་མྱུར་ཚད་དང་ཁྱད་པར་སྤུ་ཙམ་མེད་ཚོད་འདུག དེ་ལྟར་སྣང་བ་མེད་པའི་ངང་ནམ་མཁར་ཇེ་མཐོར་སོང་བའི་ཚེ། ཅི་ཡིན་གང་བསམ་མེད་པར་བསྡད་པའི་བདག་གི་དྲན་པའི་མཚོ་མོར་གློ་བུར་དུ་བཅོ་ལྔའི་ཟླ་བ་དེ་ལས་འདས་དོན་འཆར་སྒོའི་རླབས་ཕྲེང་དལ་གྱིས་འཕྱུར་བས། གོམ་པ་བརྒྱ་ཕྲག་གཅིག་ཙམ་སྤོས་མཚམས་མདུན་ན་མཚེའུ་ཡི་དབུས་སུ་ཨར་འདམ་ལྕགས་རྩིབས་མས་གྲུབ་ཅིང་། ཐོག་ཁེབས་དཀར་ཡོལ་གཡུ་རྩི་མས་བྱས་པའི་གདུགས་ཕུབ་པ་ལྟ་བུའི་ངལ་གསོའི་བསྟི་གནས་ཤིག་ཡོད་པ་དེའི་འོག་ཏུ་བསྡད་དེ་དྲན་ཀློང་དུ་འཆར་བའི་འདས་དོན་ལ་བློ་ཡིས་ཞུན་བརྡར་བྱེད་འགོ་བཙུགས།

    དེའང་འདས་དོན་ལ་བསམ་བློ་བཏང་སྟེ་ཡང་སྙིང་དྲན་གསོ་བྱེད་རིན་ཡོད་མེད་དཔྱད་པའི་ཚེ། འདས་དོན་གྱིས་ཕྱི་རབས་པ་ཚོར་མྱོང་མ་མྱོང་བའི་བྱ་བ་ངོ་སྤྲོད་ཐུབ་སྟེ། སྔར་དྲན་དེང་བསྡུར་གྱིས་ད་ལྟའི་སྤྱི་ཚོགས་དང་དཔལ་འབྱོར། རིག་གནས་དང་འཚོ་བ་སོགས་ཕྱོགས་གང་ཐད་ལ་འཛིན་པའི་ལྟ་བ་ཡང་དག་པའི་ཕྱོགས་སུ་ཁྲིད་སྟོན་ཐུབ་རྒྱུ་ནི་སྨོས་ཅི། འདི་ནི་སེམས་འཆལ་གྱི་དྲན་འཆལ་དང་དྲན་འཆལ་གྱི་གཏམ་འཆལ་ཅིས་ཀྱང་མིན་སྙམ་བཞིན་དུ། འདས་དོན་ཞིག་ཤྭ་འོད་རྒྱུ་བ་བཞིན་ཡིད་ཀྱི་ཞིང་ས་ན་རྒྱུག་འོངས།

    འགོག་མེད་ཤུགས་རྒྱལ་དུས་ཀྱི་འཁོར་ལོ་འཁོར། །

    འཁོར་བཞིན་འཁོར་བཞིན་འདས་པའི་བྱ་བ་ཀུན། །

    ཀུན་དང་མཚུངས་ཏེ་སྙིགས་མར་གྱུར་ན་ཡང་། །

    ཡང་བསྐྱར་དྲན་གསོས་ཨ་སློག་བརྒྱབ་བྱུང་ངཱ་། །

    བྲིས་པའི་རི་མོ་མིན་གྱི་སེམས་ཀྱི་ངོགས། །

    ངོགས་འདིར་འཆར་བའི་སྔོན་བྱུང་གཏམ་རྒྱུད་འདི། །

    འདི་ཀོ་དྲན་ཤེས་མ་འཇིགས་གསལ་བའི་བློ། །

    བློ་ཡིས་སྒྲོ་འདོགས་མེད་པར་སྨྲ་བར་འདོད། །

    སེམས་པས་བསྐྱུར་བར་འདོད་ཀྱང་མི་ནུབ་པ། །

    འདས་པའི་བྱ་བ་དོན་ཡོད་དོན་མེད་ཀུན། །

    སླར་ཡང་དྭངས་སྙིཊ་འབྱེད་ནས་དོན་ཡོད་འགའ། །

    དྲན་གསོའི་སྣང་བརྙན་བཞེངས་པར་ནོངས་ཆ་ཅི། །

    ལོ་རབས་དྲུག་ཅུར་ཐོན་སྐྱེད་རྗེས་ལུས་ཀྱིས། །

    འབངས་ཀྱི་འཚོ་བར་དཀའ་ངལ་ཆེ་ན་ཡང་། །

    སོ་ནམ་ཞིང་པ་ཆོག་ཤེས་མི་དམན་པའི། །

    བག་ཡངས་སྤྲོ་དགའི་སྣང་བ་ཨེ་མ་ཧོ། །

    དེ་ཡང་ཁོ་བོས་དྲན་གསལ་ལ་ད་ཆ་མི་ཚེའི་འགྲུལ་བཞུད་རིང་པོའི་མཐའ་ཚད་དུ་སླེབས་ལ་ཉེ་བའི་བདག་ཉིད། བཅུ་གསུམ་བྱིས་པའི་རང་ཀེག་ཤར་མ་ཐག་པའི་སྐབས་ཏེ། ལོ་རབས་དྲུག་ཅུ་པའི་དུས་མཇུག་དེ་ནི་ལྟེ་ཁྲག་འཕོ་ཡུལ་གང་དེར་སོ་ནམ་པ་ཚོས་སྐབས་དེའི་བྱེད་ཕྱོགས་སྲིད་ཇུས་ལྟར། ས་ཞིང་ཡོངས་རྫོགས་མཉམ་སྡེབ་ཏུ་སྤུངས་རྗེས་ཐུན་མོང་ཐོག་དུས་བཞིའི་སོ་ནམ་བྱེད་པ་དང་ཐུན་མོང་དུ་བྱུང་བའི་འབྲུ་རིགས་རྣམས་ལས་མང་ཐོབ་མང་གི་རྩ་དོན་གཞིར་བཟུང་བགོ་འགྲེམས་བྱེད་ཀྱི་ཡོད་ཅིང་། མཉམ་སྡེབ་ཀྱི་ལས་ཀ་དང་མཉམ་སྡེབ་བགོ་འགྲེམས་བྱེད་པ་དེར་ཡུན་རིང་མ་སོང་བར་མི་རྣམས་ཀྱིས་ཁྲོ་ཁོག་ཆེན་པོའི་ནང་ཟས་ཟ་བ་ཞེས་འབོད་སྲོལ་ཡང་ཆགས་ཡོད།

    གྲོ་སྙེ་རབ་ཏུ་སྨིན་པའི་ཞིང་གླིང་གྲུ་བཞིར་སྟོན་རླུང་བསིལ་བསིལ་ལྡང་བའི་ཐོ་རེངས་ཤིག་ལ་ཐོན་སྐྱེད་རུ་ཁག་གི་ཞིང་པ་ཚོས་གཅིག་གྱུར་བཀོད་སྒྲིག་ལྟར། བཅོ་ལྔའི་ཟླ་འོད་འོག་ཞིང་གླིང་གི་མུ་ཁར་འཛོམས་མ་ཐག་སྐེད་པ་ནས་ཚེས་གསུམ་ཟླ་བ་དང་འདྲ་བའི་ཟོར་བ་བཏོན་ཏེ། སྒུར་ནས་བང་རྩལ་འགྲན་པ་བཞིན་ངག་ནས་བཙས་གླུ་ལེན་གྱིན་མིག་ཡུད་ཙམ་གྱི་སྣང་བར་བཙས་མི་ཕལ་ཆེ་བ་ཞིང་གླིང་གི་ཤར་སྣེའི་མུ་ཁར་འབྱོར། བཙས་མ་བརྔས་ཤུལ་དུ་གྲོའི་ཚར་མ་ཆག་པ་རྒྱག་མཁན་རྒན་རྒོན་དང་། ས་ལ་ཟགས་པའི་གྲོ་སྙེ་སྒྲུག་མཁན་ཁོ་བོའི་གྲས་ལོ་ན་བཅུ་གྲངས་ལ་སོན་པའི་བྱིས་པ་ཚོས་ཀྱང་བཙས་མ་བརྔ་མཁན་དར་མ་ཚོའི་རྗེས་བསྙེགས་ནས་སྙེ་རྡོག་མ་ལུས་པར་སྒྲུག་རྒྱུའི་ལས་འགན་ཧུར་ཐག་བསྒྲུབས།

    བཙས་མའི་གོ་ཐེངས་དང་པོ་བསྐྱལ་ཟིན་ཏེ་སྐེད་པ་སྒུར་ནས་ཟོར་བ་རྒྱག་མཁན་ཚོ་ཞིང་ཁའི་མུ་ཁར་དབུགས་ངལ་གསོ་ཙམ་བྱས་མ་ཐག་ཐོན་སྐྱེད་རུ་ཁག་གི་རུ་དཔོན་ནོར་རྒྱལ་དེ་གར་སླེབས། ཁོང་གིས་ཐོ་རེངས་ནུབ་ཕྱོགས་ནས་མངོན་པའི་བཅོ་ལྔའི་ཟླ་བར་ཁ་ཕྱོགས། ཝ་ཡེ། ད་ཚང་མས་སེམས་ནུས་ཡོད་ཚད་འདོན་རོགས་གནང་། ཟླ་བ་ནུབ་རི་མ་བརྒལ་གོང་དུ་ཞིང་གླིང་གསུམ་བརྔས་ཚར་བ་བྱེད་རྒྱུ་ཡིན་ཞེས་ཟེར། ད་ལྟ་བསམ་བློ་གཏོང་དུས་སྐབས་དེ་དུས་ཞལ་ཁྱིམ་དཀར་བའི་འོད་ཀྱིས་མུན་ནག་ཕ་མཐར་བསྐྲོད་པའི་ཟླ་བ་དེ་ནི། ཞིང་པའི་སྟོན་དུས་མཚན་ལས་ཀྱི་རིན་དོད་མི་དགོས་པའི་ཁྱད་དུ་འཕགས་པའི་གློག་བཞུ་དང་། ལས་དུས་འཛིན་པའི་ཆུ་ཚོད་འཁོར་ལོ་དང་ཧ་ཅང་འདྲ་པོ་ཡིན་འདུག

    བཅུ་གསུམ་བྱིས་པའི་དུས་ཀྱི་འཆར་སྒོ་ལ། །

    ལོ་རྒན་ལྔ་བཅུ་བརྒལ་ནས་ཕྱིར་ལྟ་འདི། །

    དགུང་ནས་ཉ་གང་རྒྱས་པས་བསྐུལ་བས་ན། །

    ཟླ་འོད་འོག་གི་ངལ་རྩོལ་བྱེད་ཚུལ་བཤད། །

    དཔྱིད་དབྱར་སྟོན་གསུམ་ལང་ཚོ་སྨིན་པ་ཡི། །

    གྲོ་མྱུག་གསེར་གྱི་རྐང་ཡུ་ལྡེམ་པའི་ལུས། །

    ལག་སྟབས་གཡོན་མས་ཅུང་ཟད་མནན་མ་ཐག །

    ལག་གཡས་ཟོར་བའི་དངོ་ལ་ཅིག་ཅར་དྲངས། །

    གྲོ་ཞིང་སྙེ་རྡོག་ལྕི་བའི་སྤྱི་བོ་རུ། །

    བསིལ་ཟེར་འོད་ཀྱི་དཀར་མདངས་སྙོམས་པོར་ཁྱབ། །

    ཞིང་པའི་ཟོར་བ་ཚེས་གསུམ་ཟླ་དབྱིབས་ཀྱིས། །

    བརྔས་པའི་བཙས་མ་ཟོར་ཁ་མཐོ་དམའ་སྙོམས། །

    རྒྱལ་ཁམས་མལ་དུ་ཞུགས་པའི་མཚན་གྱི་དུས། །

    ལྕང་གླིང་བྱེའུ་རྣམས་ཀྱང་ངག་བསྡམས་མོད། །

    བཙས་གླུའི་མགྲིན་གསང་གཅིག་འཇཊ་གཉིས་ལངས་དེ། །

    བཅོ་ལྔའི་ཟླ་བར་ཕེབས་སྐྱེལ་དབྱངས་སུ་ཐོས། །

    ཞིང་པ་བཙས་མི་ཚོས་སླར་ཡང་ཁ་ཕྱོགས་ནུབ་ཏུ་བསྒྱུར་ནས་ནུབ་ཕྱོགས་ཀྱི་ལ་མོ་བརྒལ་ཁའི་ཟླ་བར་ལྟ་ཙམ་ཡང་མི་བྱེད་པར་སྒུར་ཞུམ་ཞུམ་གྱིས་གྲུ་བཞི་དང་གྲུ་བཞི་ནར་མོའི་ཞིང་གླིང་གསུམ་གྱི་ཐོག་བཙས་མའི་གོ་ཐེངས་ལན་མང་བསྐྱལ་བ་དང་དུས་མཉམ་དུ་སྒོར་སྒོར་འོད་མདངས་རྒྱས་པའི་དུས་ཀྱི་འཁོར་ལོ་དང་མཚུངས་པའི་བཅོ་ལྔའི་ཟླ་བ་ནུབ་རིའི་སྤོ་ལ་ཡིབ་སོང་བ་ལྟར་སྣང་ཞིང་། ས་གཞི་ཧྲིལ་པོ་ནག་ཐིང་ངེར་གྱུར་ཏེ། འགའ་རེས་ད་ནི་ནམ་མ་ལངས་བར་དུ་ངལ་གསོ་རྒྱག་རྒྱུ་མ་གཏོགས་བཙས་མའི་ཟོར་ཁ་མཐོ་དམའ་ཡང་མཐོང་བ་མི་འདུག་ཟེར། ཡང་མི་མང་པོ་ཞིག་གིས་མུན་ཁུང་དུ་ལག་ཚོད་རན་པོས་ཚེས་གསུམ་ཟླ་བ་ལྟ་བུའི་ཟོར་བར་བརྡར་རྡོ་འཕུར་བཞིན་རྣོ་འདོན་པའི་སྒྲ་ཧྲག་ཧྲག་ཏུ་གྲགས།

    དེ་ནས་ཡུད་ཙམ་སོང་རྗེས་ཤར་ནས་སྐྱ་མདའ་དང་པོ་བཏང་ནས་མུན་པའི་ཡོལ་བ་དལ་བུར་ཕྱེ་བའི་ཚེ། བཙས་མི་ཚོའི་ངོ་གདོང་ཡང་རབ་རིབ་གསལ་བ་ནས་སྒུག་མི་དགོས་པའི་སྣང་ངོར་ནམ་རྦད་དེ་གསལ་བས། ཐལ་རྡུལ་ལ་རྔུལ་ཆུ་འདྲེས་ནས་བཞུར་བའི་བཙས་མ་བརྔ་མཁན་ཚོའི་ངོ་གདོང་གི་རྔུལ་ཤུལ་གསལ་པོར་འཆར། བཙས་མ་བརྔ་མཁན་ཚོའི་ཁྲོད་དུ་རྔུལ་ཁ་ཡང་ལྕི་སྣ་ཚོགས་ཡོད་པས། ངོ་གདོང་ལ་ཤར་བའི་རྡུལ་དྲེག་བཞུར་ཤུལ་ཡང་མི་འདྲ་བར། གདོང་རིས་འདྲ་མིན་བཟོས་པའི་གཏམ་བརྗོད་ཚོགས་པ་ཞིག་ཞིང་ནང་དུ་སླེབས་པ་དང་འདྲ།

    ཉི་གཞོན་གྲོ་ཞིང་ལ་འཕྲོས་མཚམས་སུ། ཞིང་སྣེར་ཇ་ཐང་བསྐོལ་མཁན་མ་བྱན་དེ་གར་འོང་སྟེ། རུ་དཔོན་གྱི་གམ་དུ་བཅར་མ་ཐག་ངལ་གསོས་ནས་སྐོམ་སེལ་མཆོད་རྒྱུའི་དྲན་སྐུལ་ཞུས་སོང་མོད། འོན་ཀྱང་རུ་དཔོན་གྱིས། ད་ལྟ་ངལ་གསོ་བརྒྱབ་ན་ཡོང་གི་མ་རེད། གྲོ་སྙེའི་སྟེང་དུ་བབས་པའི་ཞོགས་པའི་བ་མོ་མ་ཡལ་གོང་ལ་ད་དུང་ཞིང་གླིང་གཅིག་བརྔས་ནས་ཉིན་དགུང་བཙས་མ་བརྔ་མཚམས་བཞག་སྟེ་ཚང་མ་གཡུལ་ལས་གཏོང་བར་འགྲོ་དགོས། ཕྱི་ཉིན་ཐོ་རེངས་སླར་ཡང་ཟླ་བ་ནུབ་རི་མ་བརྒལ་གོང་བརྔ་འཕྲོ་ལུས་པའི་གྲོ་ཞིང་མུ་མཐུད་བརྔ་རྒྱུ་ཡིན་ཞེས་ཕྱི་ཉིན་ཚེས་པ་བཅུ་དྲུག་གི་ཐོ་རེངས་ཟླ་འོད་ལ་མུ་མཐུད་མུན་པ་སེལ་རྒྱུར་སྐྱབས་འཇུག་ཞུ་རྒྱུའི་སྐོར་ཡང་བཤད་སོང་།

    ཚེས་གསུམ་ཟླ་བ་ལྟ་བུའི་ཟོར་བ་དེ། །

    ལག་པ་གཡས་པས་བཀོལ་བའི་པར་ཀོར་དེས། །

    ཞིང་ཐང་གྲུ་བཞི་གླུ་གར་སྟེགས་བུའི་སྟེང་། །

    ངལ་རྩོལ་གར་གྱི་སྒྱུ་རྩལ་རྨད་དུ་བྱུང་། །

    སྐེད་པ་སྒུར་ཏེ་ཞུམ་ཞུམ་བཙས་མའི་བགྲོད། །

    དལ་བ་དལ་བུར་སྣང་ཡང་བརྔ་བཞིན་དུ། །

    མཐའ་ཡས་གྲོ་སྙེའི་རྒྱ་མཚོ་ཕ་མཐར་སྒྲོལ། །

    ཚར་མས་རི་རབ་སྤུངས་པའི་གཟུགས་བརྙན་འཛིན། །

    གྲོ་ཞིང་དུམ་བུ་འགའ་ཞིག་བརྔས་ཟིན་ཏེ། །

    མི་རྣམས་ཞིང་ཁའི་མུ་ཁར་འབྱོར་དང་ལྷན། །

    ཉ་རྒྱས་ཟླ་བ་ནུབ་རིའི་རྒྱབ་ཕྱོགས་སུ། །

    ངལ་གསོའི་ཚུལ་དུ་ཡིབ་དང་ཤིན་ཏུ་མཚུངས། །

    ལུས་ཀྱི་ཆ་ཡོངས་རྫོགས་པའི་བསིལ་ཟེར་ཅན། །

    སིམ་སིམ་སིམ་བུར་ནུབ་རིར་བརྒལ་བ་དེ། །

    ཤར་ནས་ཐོ་རེངས་སྐར་ཆེན་ཤར་མ་ཐག

    མུན་སེལ་འོས་འགན་རྩིས་སྤྲོད་བྱས་པར་མཐུན། །

    དཀའ་སྡུག་གང་ཡང་བཟོད་པའི་ཞིང་པ་ཚོའི། །

    ལུས་གོས་རྔུལ་ཆུས་ཡོངས་སུ་འཚོས་གྱུར་ཀྱང་། །

    ངལ་བའི་འོ་དོད་ངག་ནས་མི་གྲགས་པར། །

    ཞིང་ཐང་དགོད་སྒྲས་བཀང་བའི་སྤྲོ་སྣང་དོད། །

    ཡུད་ཙམ་སོང་ནས་སྐྱ་མདས་མུན་ནག་དེད། །

    ནུས་ངོས་རི་རྩེར་ཤར་གྱི་ཉི་ཟེར་ཁྱབ། །

    བཙས་མ་བརྔ་མཁན་གཅིག་ཀྱང་མ་ལུས་པས། །

    གདོང་ལ་རྔུལ་ཆུའི་མཛེས་ཆོས་བྱས་པ་གསལ། །

    དཀར་གསལ་ཟླ་བར་བསྟུན་མཁས་བགྱིས་པ་ཡི། །

    ཕྱི་ཉིན་བཅུ་དྲུག་ཟླ་འོད་ཅུང་ཞན་ཡང་། །

    དེ་བསྟུན་གྲོ་ཞིང་བརྔ་རྒྱུའི་འཆར་གཞི་དེ། །

    ཤིན་ཏུ་བབ་མཐུན་ཚང་མའི་བློ་ལ་འཐད། །

    རུ་དཔོན་ནོར་རྒྱལ་གྱིས་ལས་བགོས་དེ་ལྟར་བགྱིས་པའི་རྒྱུ་མཚན་རང་ཉིད་བྱིས་བློ་ཅན་ཞིག་གིས་མགོ་མི་འཚོས་པས། སྐབས་དེར་ཁོ་བོས་བཙས་མི་ཚོའི་ཁྲོད་དུ་ཡོད་པའི་སྲུ་མོ་ཚེ་རིང་གཡང་འཛོམས་ཀྱི་གམ་དུ་སོང་། སྲུ་མོ་ལགས། ཉིན་མོ་བཙས་མ་མི་བརྔ་བའི་རྒྱུ་མཚན་གང་ཡིན་ནམ། ཡང་བསྐྱར་ཕྱི་ཉིན་ཐོ་རེངས་ཀྱི་ཟླ་འོད་སྒུག་དགོས་དོན་ཅི་ཡིན་ནཱ་ཞེས་དྲིས། སྲུ་མོ་ཚེ་རིང་དབྱངས་འཛོམས་ཀྱིས། ཧི་ཧི། ཕྲུ་གུས་གང་ཤེས་མདོག་མེད་ཅེས་ང་ལ་རྒྱུ་མཚན་གསུང་འདོད་མི་འདུག་ཀྱང་། བྱིས་པས་རྔན་པར་རེ་བ་ཇི་བཞིན་ངས་ཨུ་ཚུགས་ཀྱིས་ཡང་ཡང་དྲིས་པའི་ཚེ། སྲུ་མོ་ཚེ་རིང་གཡང་འཛོམས་ཀྱིས་ངའི་མགོ་བོར་བྱིལ་བྱིལ་གནང་། ཁྱོད་ཀྱིས་དོན་འདི་ཤེས་ན་ཕན་པ་གང་འདུག་གམ། གྲོ་སྙེ་སྨིན་དྲགས་བཞིན་དུ་ཉིན་མོར་བརྔས་ན་སྙེ་རྡོག་འབོར་ཆེན་ས་ལ་ཟགས་ཀྱི་རེད། ཐོ་རེངས་བརྔས་ན་སྙེ་མའི་ཐོག་བ་མོའི་བརླན་གཤེར་ཡོད་པས། སྙེ་མར་ཆུ་ལྕག་ཐེབས་ནས་སྙེ་མ་ས་ལ་ཟགས་ཉུང་གི་རེད་ཅེས་ངའི་དྲི་བར་ལན་དེ་ལྟར་གསུངས།

    དེ་ནས་ཅང་མ་འགོར་བར་ཉི་ཟེར་ཡོངས་སུ་ཞིང་གླིང་ལ་འཕྲོས་ཏེ་སྟོན་ཚད་ལྡང་འགོ་ཚུགས་པའི་ཚེ། རུ་དཔོན་གྱི་བཀའ་བསྒོ་ལྟར་ལས་མཚམས་བཞག་ནས་ལྟོ་སྒོར་ལ་རུབ། སྐབས་དེ་དུས་ཐོན་འབབ་དམའ་བའི་ཐོན་སྐྱེད་རྗེས་ལུས་ཡིན་སྟབས། ཞིང་པས་ལོ་གཅིག་དུས་བཞིར་དཔུང་ས་འོག་ཏུ་བཅུག་ཀྱང་། ཁྱིམ་ཚང་མང་པོ་ཞིག་སོས་དུས་ཉི་མ་རིང་སྒང་དུ་རྩམ་པ་ཟད་ཉེར་ཐུག་གི་ཡོད། ནམ་རྒྱུན་ཁ་གཏམ་དུ། ཉི་མ་རིང་དུ་རིང་དུ་དང་། རྩམ་པ་ཞིམ་དུ་ཞིམ་དུ་ཞེས་པ་དེའང་སྐབས་དེའི་གཡས་གཡོན་དུ་བྱུང་བའི་གཏམ་དཔེ་ཞིག་ཡིན་ཤས་ཆེ། གང་ལྟར་སྐབས་དེ་དུས། འབྲུ་རིགས་གྲོན་ཆུང་གི་ཆེད་དུ། ཉིན་གཅིག་གི་ལྟོ་དུས་གསུམ་ནས་ལྟོ་དུས་གཉིས་རྩམ་ཐུག་འཐུང་མཁན་ཡང་ཡོད་པ་དེ་ཡ་མཚན་མེད་པའི་ལུགས་སྲོལ་ལྟ་བུར་གྱུར་ཡོད་པས། དེ་ཉིན་ཞོགས་པའི་ལྟོ་དུས་དེ་ཡང་ཇ་ཐང་ལ་ཕུ་མར་བརྒྱབ་སྟེ་གང་དོ་བཏུང་རྗེས་ཇ་ཞག་ཕྲན་ཙམ་ཡོད་པར་རྩམ་པ་ཏོག་ཙམ་བརྒྱབ་སྟེ་ཞག་འགྲིལ་ལྡག་གོང་ཆུང་ངུ་རེ་གཉིས་ཀྱིས་ལྟོ་གོ་ཆོད་པ་བྱེད་བཞིན་ནོ།

    ཇ་རྐྱང་སྤགས་རྐྱང་གི་འཚོ་བ་དེ་ཙམ་ལས་མེད་ནའང་ལྟོ་སྒོར་ལ་རུབ་པའི་ཞིང་པ་ཚོ་སེམས་བག་ཤིན་ཏུ་ཡངས། སུ་ཞིག་གིས་ཀྱང་ཞོགས་ལྟོ་སྟབས་བདེ་དེའི་སྐོར་སྦྲང་སྐད་ཙམ་མི་གླེང་བར། དེ་ལས་ལྡོག་སྟེ་ཞོགས་པའི་བཙས་མ་བརྔ་དུས་ཀྱི་ཟོར་ཁ་མཐོ་དམའ་དང་སྙོམས་ལོས། གྲལ་གཤིབ་ཏུ་བཙས་མ་བརྔ་དུས་སུ་ཞིག་གིས་སུ་ལ་གྲལ་སྐལ་བརྔ་རོགས་བྱས་མིན་དང་། སུ་ཞིག་བཙས་གླུ་ལེན་མཁས་མིན། སུ་ཞིག་གིས་བཙས་གླུ་མི་ལེན་པར་ངག་བསྡམས་ནས་བཙས་མ་བརྔ་བ། སུ་ཞིག་གིས་བཙས་གླུ་ཡག་པོ་ཞིག་ལེན་མི་ཤེས་ཀྱང་སྐད་ཅོར་ཆེན་པོས་བཙས་གླུ་བླངས་ཏེ་བཙས་གླུར་དཀྲུག་རྐྱེན་བཟོས་ཚུལ་སོགས་ནང་དོན་སྣ་ཚོགས་པའི་བགྲོ་གླེང་གིས་ང་ཚོ་གཏམ་གྲལ་ལ་མ་ཚུད་པའི་སྙེ་མ་སྒྲུག་མཁན་ཕྲུ་གུ་ཚོ་གཡས་གཡོན་དུ་ལྟ་གིན་མགོ་བོ་རིལ་རིལ་དུ་ལུས།

    རྒན་པའི་སྐད་ཆར་ཕྲུ་གུས་ཇུས་གཏོགས་དེ། །

    མི་རྒན་རྣ་ཅོག་སུན་པར་གྱུར་ལགས་ཀྱང་། །

    དོན་རྩ་རྟོགས་འདོད་བྱིས་པའི་རང་གཤིས་ལ། །

    སྲུ་མོའི་ངག་ནས་དྲིས་ལན་གསལ་པོ་བསྐྱོན། །

    རྟ་ལྗང་གཞོན་ནུའི་འོད་ཀྱི་འཛུམ་ཟེར་ཁྱབ། །

    ཞོགས་པའི་བ་མོའི་བརླན་གཤེར་འཕྲལ་དུ་ཞི། །

    སྙེ་རྡོག་སྐམ་པོ་ས་ལ་ཟགས་དོགས་ཀྱི། །

    རུ་དཔོན་ནོར་རྒྱལ་བཀོད་ཇུས་གནད་ལ་འཁེལ། །

    དབུགས་ངལ་གསོ་དང་ཞོགས་ཟས་ལྷན་དུ་སྡེབ། །

    ནས་ཀྱི་ཕྱེ་དང་ཇ་ཐང་སོས་པ་མཐུན། །

    གྲ་རྒྱས་འཚོ་བའི་ལྟོ་སྒོར་མིན་ན་ཡང་། །

    གནས་བཟོད་བདེ་བའི་རིན་ཐང་གཞལ་ནུས་མིན། །

    གདན་ལྕོག་ལེགས་པའི་ཁང་བཟང་མ་ཡིན་ཅིང་། །

    རྒྱ་ཟས་ལེའུ་བཅོ་བརྒྱད་བཤམས་མིན་ཡང་། །

    ཇ་ཐང་ཕོར་པའི་ཞབས་མཐིལ་གསལ་བའི་མཁར། །

    ཕུ་མར་སྤྲིན་དཀར་སྲབ་མོའི་ཞག་ཚི་འཁྱིལ། །

    ཁ་ཡི་སྦུད་པས་ཕུ་མར་མཐའ་རུ་འདེད། །

    ཇ་ཞག་ཅུང་ཟད་འགོས་པའི་མཆུ་ཏོ་སྣུམ། །

    སྐོམ་གདུང་ཇ་ཡིས་སེལ་འཕྲལ་ཕུ་མར་དེར། །

    རྩམ་པ་བརྒྱབ་པའི་ཞག་འགྲིལ་ཞལ་ལ་དྲངས། །

    ཞིང་པས་བཙས་མ་བརྔ་རྒྱུར་དབྱིངས་ཞུགས་ཏེ། །

    ཡུན་ཐུང་ལྟོ་སྒོར་ངལ་གསོའི་དུས་སུ་ཡང་། །

    སུ་ཞིག་བཙས་མ་བརྔ་བར་ཧུར་མིན་དང་། །

    བཙས་གླུ་མཁས་མིན་བསྡུར་བའི་གྲོས་བསྡུར་བགྱིས། །

    ཐོན་སྐྱེད་རུ་ཁག་གི་རུ་དཔོན་ནོར་རྒྱལ་ནི་ཤེད་ལས་ཀྱི་རྩལ་ཐོན་པ་ཞིག་དང་། ལས་གཞས་ཅི་ཡང་གཏོང་མཁས་པ། མི་སྒེར་གྱི་ཐོབ་ཤོར་ལ་ཇི་མི་སྙམ་པ་སོགས་ཆ་རྐྱེན་བཟང་པོ་མང་དག་ཅིག་འཛོམས་པ་ལ་བརྟེན་ནས། མང་ཚོགས་ཚོའི་ཐུགས་མོས་གཅིག་གྱུར་ལ་བརྟེན་ནས་ཐོན་སྐྱེད་རུ་ཁག་གི་རུ་དཔོན་ལ་བསྐོས་པ་ཞིག་ཡིན་པས། ད་ལྟ་བསམས་དུས། ཁོང་གིས་ལྟོ་སྒོར་དུ་བཤད་པའི་སྐད་ཆ་གང་ལའང་ཚང་མས་ཚད་མར་འཛིན་པའི་བརྩི་བཀུར་བྱེད་ཀྱི་འདུག དེ་ལྟར་ཁོང་གིས་ཚང་མར་རྣ་བས་སྐད་ཆ་ཉོན་ཅིག་ཅེས་པའི་ལག་བརྡ་ཞིག་བགྱིས་མ་ཐག ཁྱེད་ཚོ་ཕལ་མོ་ཆེ་ཟོར་བ་ལག་ཏུ་འཆང་ནས་ལོ་མང་སོང་བ་ཤ་སྟག་ཡིན་ནའང་། བཙས་གླུར་དོ་སྣང་བྱེད་རྒྱུ་འདང་གི་མེད་བཟོ་འདུག ད་ནངས་ཐོ་རེངས་ཡང་ནམ་རྒྱུན་དང་གཅིག་པ་རེད། ཨ་ཅག་ཚེ་རིང་གཡང་འཛོམས་ལགས་ཀྱི་བཙས་གླུ་ལས་སྙན་པ་གཏོང་ཐུབ་མཁན་མི་འདུག་གཱ ཁོང་ལ་ཕྲ་ལ་མཉེན་པའི་སྐད་ཀྱི་འགྱུར་ཁུག་ལྡན་པའི་ཐོག་སྔ་མོའི་སྣ་ཁ་འཛོམས་པའི་གཞས་ཚིག་ཀྱང་འགྱུར་ལྡོག་མ་བཏང་བར་ཞག་ཚི་དང་ལྡན་པའི་ལྟོ་ཆས་འདྲ་པོ་འདུག འུད་ཤོབ་ཤོད་པ་མིན། ངས་ཀྱང་ལག་ཏུ་ཟོར་བ་ཁྱེར་ནས་བཙས་མ་བརྔ་མ་མྱོང་བའི་ཞིང་ཁ་ཕར་བཞག ཞིང་ཁ་རེ་རེའི་སྒང་ལ་བཙས་མ་བརྔས་པའི་ཐེངས་གྲངས་ཀྱང་ང་རའི་མགོ་སྐྲ་དང་འདྲ་མོད། ཨ་ཅག་ཚེ་རིང་གཡང་འཛོམས་ལགས་ཀྱི་བཙས་གླུ་འདྲ་བ་ཞིག་ད་དུང་གཏོང་ཐུབ་ཀྱི་མི་འདུག་ཅེས་ཟེར་བས། ཚང་མས་ངའི་སྲུ་མོ་ཚེ་རིང་གཡང་འཛོམས་ལ་ལྟ་བཞིན་དུ་ལག་གཉིས་པོས་ཐལ་མོ་ཡང་ཡང་བརྡབས་ནས་གཟེངས་སུ་བསྟོད།

    (མུ་མཐུད་འགོད་རྒྱུ)

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394340421