བོད་ལྗོངས།
ཡབ་ལ་ཕུལ་བའི་ཕྱག་རྟགས།

    གཅིག

    འཇིག་རྟེན་ཁམས་ཀྱི་སྣང་ཚུལ་མཐའ་དག་བལྟོས་བཅས་དབང་གིས་འགྱུར་བ་འགྲོ་བཞིན་ཡོད་པ་ནི་འདུས་བྱས་སྤྱི་ལ་སྣང་བའི་ཆོས་ཉིད་རེད། སྐྱེ་འཇིག་གི་ཆོས་ཉིད་དེའི་དབང་གིས་ད་ཆ་ང་རང་ཡང་རིམ་པར་ཕྲུ་གུའི་ཕ་མར་གྱུར་ཟིན། ཡང་ཅིག་བཤད་ན། ང་རང་འཇིག་རྟེན་མཐུན་འཇུག་ལམ་དུ་བསྐྱོད་དེ་འཚོ་བའི་མངར་སྐྱུར་གྱི་ལོངས་སྤྱོད་ལ་གཡེངས་ནས་བགྲང་བྱ་འགའ་ཤས་འདས་སོང་། བགྲང་བྱ་དེ་དག་རིང་། བདག་གིས་ཨ་ཕ་ཞིག་གིས་རང་གི་བུ་ཕྲུག་ལ་བཅངས་པའི་བྱམས་དང་བརྩེ་བ་རྟོགས་སོང་ལ། ཨ་ཕ་ནི་ཁྱིམ་ཚང་ཧྲིལ་པོའི་གདུང་འདེགས་ཀྱི་ཀ་བ་ཡིན་པའི་ཆོས་ཉིད་ཀྱང་རྟོཌ་སོང་། ཉིན་ནས་ཉིན་མཐུད་དེ་ཟླ་བའི་མངལ་རིམ་འགྲིམ་ཞིང་། ལོ་ནས་ལོ་མཐུད་དེ་འཚོ་བའི་ལམ་དུ་ཞུཌ། ད་ཆ་ང་རང་གི་གནག་སྣུམ་སྐྲ་ལོ་དཀར་ནག་འདྲེས་མར་གྱུར་ཅིང་། དཔྲལ་བའི་ངོས་སུ་འཚོ་བའི་རི་མོ་གྱ་གྱུར་མངོན་ལ། ཆུང་དུས་ལྟར་ལུས་ཀྱི་མཉེན་ཆ་མེད་པར་གུག་གུག་ཏུ་འགྱུར་བཞིན་འདུག འཚོ་བའི་གྲུ་ཟུར་གང་སར་འཐོར་བའི་ལང་ཚོའི་སྒྲུང་གཏམ་དག་ལ་སེམས་པ་རྣལ་དུ་ཕབ་ནས་བསམ་གཞིག་གི་འདང་རེ་རྒྱག་དུས། ང་ཚོའི་བསམ་བློ་དང་བྱ་སྤྱོད་ཚང་མ་སྡོང་པོ་བཞིན་རྒས་ཀྱིན་འདུག འདབ་ལོ་ལྟར་སྐེམ་གྱིན་འདུག མེ་ཏོག་གི་འདབ་མ་ལྷུང་ཐེངས་རེར་ང་ཚོ་ནི་དུས་རབས་ཀྱི་རླུང་བུས་རྒྱང་རིང་དུ་སྐྲོད་ཀྱིན་འདུག

    གཉིས།

    ལོ་ངོ་དུ་མའི་གོང་གི་དེ་རིང་ལྟ་བུའི་ཉིན་མོ་ཞིག་ལ། པཱ་ལགས་ཀྱིས་ང་རང་པང་དུ་བཏབ་ཅིང་། ཕ་ཡུལ་ནས་ལ་བརྒྱབ་ཀླུང་བརྒལ་གྱིས་ལམ་ཐག་ལེ་དབར་བཞི་བརྒྱ་ཙམ་ཆོད་པའི་ལྷ་ལྡན་གྲོང་དུ་ཁྲིད་བྱུང་། སྐབས་དེ་དུས་གཅིག་ནས་འགྲིམ་འགྲུལ་སྟབས་བདེ་མེད་པས་རང་མཁོའི་དངོས་ཟོག་མང་དག་ཅིག་དུས་ཐོག་ཏུ་མི་འབྱོར་བ་དང་། གཉིས་ནས་ལྷ་སར་ས་རྒྱུས་ཡོད་མཁན་ཞིག་རྙེད་དཀའ་བས། ལྷ་སར་འགྲོ་འདོད་མཁན་མང་མོད། དངོས་སུ་འགྲོ་ཐུབ་མཁན་ཉུང་ཉུང་རེད། ང་རང་ནི་རླུང་རྟ་རྒྱུག་པའི་ལས་ཅན་ཞིག་སྟེ། སྟེས་དབང་གིས་པཱ་ལགས་དང་མཉམ་དུ་ལྷ་སར་འགྲོ་སྐལ་བྱུང་། པཱ་ལགས་ཀྱིས་ལྷ་སའི་ཁྲོམ་སྲང་གང་སར་ངང་རྒྱུད་རིང་པོའི་སྒོ་ནས་ཁོ་བོར་གོམ་བགྲོད་རེ་སློབ་པར་བྲེལ། དམར་པོ་རིའི་སྟེང་དུ་བཞེངས་པའི་ཁང་པའི་མིང་ལ་ཕོ་བྲང་པོ་ཏ་ལ་ཟེར་བ་དང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་མདུན་དུ་སྐྱེས་པའི་སྡོང་རྒན་དེའི་མིང་ལ་ཇོ་བོའི་དབུ་སྐྲ་ཞེས་འབོད་ཀྱི་ཡོད་ལུགས་མི་ཤེས་མོད། ཞོལ་གྲོང་གསར་གྱི་ཁྲོམ་ཟུར་གང་སར་བཀྲམ་པའི་བྱི་རིལ་གྱི་བྲོ་བ་ནི་ངའི་རོ་འཛིན་དབང་པོས་མྱངས་ནས་ཡོད། ཁྲ་ཁྲ་སིལ་སིལ་གྱི་ཁྲོམ་སྟེགས་ཐོག་བཀྲམ་པའི་ཟོག་དངོས་དག་ངའི་སེམས་ཀྱིས་ཉོ་བཞིན་ཡོད། “ཕྲུ་གུའི་ལྟོགས་སྣང་མིག་དང་མི་རྒན་ལྟོགས་སྣང་སེམས”ཡིན་པ་ནི་གྲོང་མི་སུས་ཀྱང་མཁྱེན་ངེས་པའི་སྣང་ཚུལ་ཕལ་པ་ཞིག་རེད། ཡིན་ནའང་། མིག་གིས་ཟིན་དཀའ་ལ་སེམས་ཀྱིས་འགམ་སླ་བའི་བྱི་རིལ་དེ་དག་མཐོང་རིམ་བཞིན་ངའི་སེམས་ལ་པཱ་ལགས་ཀྱི་བྱམས་བརྩེ་ཚོར་གྱི་འདུག མ་གཞི་ངའི་པཱ་ལགས་ནི་ཁ་མཁས་ཚིག་སྙན་ལ་མི་དགའ་བའི་མི་ཁ་རི་ཁ་ཐུག་ཅིག་རེད། ནམ་རྒྱུན་གཞན་དང་གླེང་མོལ་བྱེད་དུས་ཀྱང་། སེམས་ལ་བསམ་པའི་བཀའ་མོལ་དེ་ཐད་ཀར་གསུང་རྐྱང་བྱེད་པ་ལས“ཁ་བསྐོར་ནས་ལྟག་ཁུང་ལ་རྡོ་གཞུ་མཁན”ཞིག་མ་རེད། དེའི་སྟབས་ཀྱིས་མི་མང་པོས་པཱ་ལགས་དང་བཀའ་མོལ་གནང་བར་འཚེར་སྣང་བྱེད་ཀྱི་ཡོད། ཡིན་ནའང་། ཁོང་ནི་བྱམས་སེམས་ཆེ་ཞིང་གཞུང་དྲང་སྙིང་སྟོབས་ཅན་གྱི་སྐྱེས་པ་རབ་ཅིག་རེད། དུས་རྒྱུན་གྲོང་ཚོའི་ལས་ཀ་ཡིན་ཚེ། རང་ཁྱིམ་གྱི་ལས་ཀ་བྲེལ་བ་ཆེ་མིན་ལ་མ་ལྟོས་པར་ཐད་ཀར་གྲོང་ཚོའི་ལས་ཀར་ཕེབས་རྐྱང་བྱེད། དེའི་དབང་གིས་ཨ་མ་ལགས་དང་ཁ་རྩོད་ཤོར་བ་ཐེངས་གཅིག་གཉིས་མ་ཡིན་ལ། གྲོང་མི་རྒན་གཞོན་ཚང་མས་མཐེ་བོང་ཀེར་ནས་བསྔཌ་བརྗོད་བྱས་པའང་ཐེངས་གཅིག་གཉིས་མ་ཡིན།

    ལོ་གཉིས་ཙམ་ལ་སླེབས་པའི་བྱིས་པ་ཞིག་པང་དུ་བཏབ་སྟེ་གྲོང་ཁྱེར་གྱི་ཁྲོམ་སྲང་གང་སར་མྱུལ་བ་ནི་ལས་སླ་པོ་ཞིག་ག་ལ་ཡིན། བར་སྐོར་ཁྲོམ་གཞུང་ནས་ཁྲོམ་གཟིགས་སྒང་དང་། པོ་ཏ་ལའི་ཐང་ཆེན་ནས་བར་སྐོར་ཁྲོམ་གཞུང་བར་རྐང་བགྲོད་ཁོ་ནར་རྟེན་དགོས་དུས། ངོ་མ་ཡིད་ཐང་ཆད་དགོས་པ་ཞིག་རེད། ཡིན་ནའང་། ལམ་དུ་འགྲོ་སྐྱོད་ཅི་འདྲའི་དཀའ་ཡང་། པཱ་ལགས་ཀྱིས་ང་རང་པང་ཁ་ནས་བྲལ་དུ་མི་འཇུག ལམ་ཐག་ཅི་འདྲའི་རིང་ཡང་། ངལ་དུབ་ཀྱི་ཀླན་ཀ་ང་རང་ལ་དཀྲི་བར་མི་བྱེད། སྐབས་སྐབས་ངལ་ཞིང་དུབ་སྟེ་དཔྲལ་བ་ནས་རྔུལ་ཆུ་འཛར་ཀྱང་། ཁོང་གིས་ཟ་མཁས་འཐུང་མཁས་གནང་བའི་དངུལ་གྱིས་བར་སྐོར་གྱི་ཁྲོམ་སྟེགས་གང་རུང་ནས་བྱི་རིལ་ལམ་རྩེད་ཆས་གང་རུང་ཉོས་ཏེ་བདག་གི་ངལ་དུབ་སེལ་གྱི་ཡོད། ད་ཆ་པཱ་ལགས་ཀྱི་དབུ་སྐྲ་དཀར་པོར་གྱུར་ཅིང་། དཔྲལ་བའི་གཉེར་མ་ཇེ་མང་དུ་འགྲོ་བ་མཐོང་དུས། བདག་གི་ཡིད་ལ་སྐྱོ་གདུང་གི་སེམས་ཁྲལ་ཞིག་འཛད་མེད་དུ་སྐྱེ་ཡི་འདུག ལྷག་པར་དུ་ལོ་ཟླའི་འཕེལ་འགྲོས་ཀྱི་ཆོས་ཉིད་བཙན་པོ་དེས་ལང་ཚོ་འཇོམ་དུས། རྒྱུག་ཆུ་གྱེན་དུ་འདྲེན་པའི་སེམས་ཤུགས་ཤིག་ཡོད་ཀྱང་ནུས་པས་མི་ལྕོགས། ཕ་ཡུལ་གྱི་བྱིས་པ་ཚོས་ལོ་གསར་གྱི་རྔན་པ་ཟ་ཐེངས་རེར་པཱ་ལགས་ཀྱི་གོམ་བགྲོད་ཇེ་དལ་ནས་ཇེ་དལ་དུ་སོང་ཞིང་། བློ་རིག་གི་རྩལ་དུ་ངོམ་པའི་དྲན་ཤེས་ཀྱི་རྟ་ཕོ་ཡང་རིམ་བཞིན་ཉམས་དུས། རྟེན་འབྱུང་གི་ཆོས་ཉིད་འདི་ལ་ཡིད་ཆེས་མི་བྱེད་ཐབས་མེད་ལགས། “ཆང་ཁ་ཡིས་བཏུངས་ཀྱང་རྩིས་རིག་པ”ཡིན་ལུགས་ནི་ཡུལ་མི་ཀུན་གྱིས་པཱ་ལགས་ལ་བསྔགས་པའི་གཏམ་ཞིག་རེད། མ་གཞི་ཁོང་ཆང་ལ་མཉེས་པོ་ཡོད་ཀྱང་། གྲོང་ཚོའི་ལས་ཀ་འཕྱུག་མེད་སྒྲུབ་གནང་གི་ཡོད། གྲོང་ཚོའི་རྩིས་པ་ནས་བཟོ་ཚོགས་ཀྱི་འགོ་ཁྲིད་དང་། བཟོ་ཚོགས་ཀྱི་འགོ་ཁྲིད་ནས་ཏང་ཀྲི་པུའི་ཧྲུའུ་ཅི། དེ་བཞིན་ལྟ་སྐུལ་བ་ནས་གྲོང་དཔོན་གཞོན་པའི་བར་ནི་ཁོང་གིས་བརྒྱུད་མྱོང་བའི་གྲོང་ཚོའི་འཕོ་འགྱུར་གྱི་ལམ་རིས་ཤིག་རེད་ལ། ཁོང་ལ་ཐོབ་པའི་ལས་ཀའི་ཉམས་མྱོང་ཡང་རེད། ང་ཚོས་སྒེར་གྱི་ཁེ་ཕན་དང་། གཞན་གྱི་བདེ་སྐྱིད་ལས་གང་ཞིག་གཙིགས་སུ་འཛིན་དགོས་མིན་ཤེས་པ་ཡང་ཁོང་གིས་ང་ཚོ་བུ་ཕྲུག་ལ་གནང་བའི་རྒྱུ་ནོར་ཞིག་རེད།

    གསུམ།

    ན་ནིང་། པཱ་ལགས་ཀྱི་ཞབས་ཀྱི་དྲེག་གྲུམ་ནད་གཞི་ལྕི་རུ་སོང་སྟེ། སྨན་ཁང་དུ་ཕེབས་དགོས་ལུགས་ཞུ་དུས་ཀྱང་། ཁོང་གིས“ད་ལྟ་སྨན་ཁང་དུ་འགྲོ་བའི་ཁོམ་པ་མེད། གྲོང་ཚོའི་ལས་ཀ་མང་དག་ཅིག་ཚར་མེད”ཅེས་དང་། “ངའི་རྐང་པ་སྣང་དག་མི་འདུག ཉིན་ཤས་ཆང་མ་བཏུངས་ན་དྲག་གི་རེད” དེ་དང་དེ་འདྲ་བའི་ཁ་གཡར་གྱི་ཚིག་འགས་དུས་འགྱངས་ཟླ་ཤས་ཕྱིན། མ་གཞི་དྲེག་གྲུམ་གྱི་ནད་ནི་ནད་གཞི་གཞན་ལྟར་མངོན་གསལ་ཆེ་བ་ཞིག་མིན་མོད། ནད་འདིས་འགྲོ་སྐྱོད་ལ་དཀའ་ངལ་ཆེན་པོ་ཡོང་གི་ཡོད། ལྷག་དོན་དུ་དྲེག་གྲུམ་ནད་ཅན་གྱིས་ཆང་རག་ལ་འཛེམ་དགོས་པ་ནི་སྨན་པའི་གདམ་ངག་ཡིན་མོད། ཁོང་གིས་དེ་དག་ལ་དོ་སྣང་གནང་གི་མེད་པ་མ་ཟད། སྨན་དད་ཀྱང་ཆེན་པོ་མེད། འོན་ཀྱང་ཐེངས་ཤིག་ཆང་མཆོད་དྲགས་པའི་ཉེས་དམིགས་ཀྱིས་ཁོང་གིས་སྨན་ཁང་དུ་ཕེབས་རྒྱུར་ཁས་ལེན་གནང་ཙམ་བྱུང་། སྐབས་དེར་ང་ཚོ་བུ་ཕྲུག་ཚོས་རང་ནུས་གང་ལྕོགས་ཀྱིས་པཱ་ལགས་ཀྱི་ནད་གཡོག་བརྒྱུགས། སྨན་ཁང་དུ་ངལ་གསོ་ཉིན་ཤས་རྒྱག་རིང་། པཱ་ལགས་ཀྱི་ཞལ་མདངས་ཇེ་བཟང་དུ་གྱུར་པ་དང་བསྟུན་ནས་ཞལ་ལག་ཀྱང་མང་པོ་མཆོད་ཐུབ་ཀྱི་འདུག་ལ། འཆམ་འཆམ་དུ་ཕེབས་དུས་ཀྱང་གཞན་གྱིས་སྐྱོར་མི་དགོས་པས། ང་ཚོ་བུ་ཕྲུག་གི་ངོས་ནས་བཤད་ན་དེ་ནི་དགའ་འོས་པ་ཞིག་མ་ཡིན་ནམ། ད་ཆ་ང་རང་ཡང་ཕྲུ་གུའི་ཕ་རུ་གྱུར་པ་དང་བསྟུན་པཱ་ལགས་ཀྱང་ཚ་བོའི་སྤོ་བོ་ཆགས། ཡིན་ནའང་། ཁོང་གིས་བདག་ལ་གསུངས་པའི་བཀའ་མོལ་དང་ཚ་བོར་གསུངས་པའི་བཀའ་མོལ་ནི“སྐུད་པ་གཅིག་ལ་བརྒྱུས་པའི་ཕྲེང་བ”བཞིན་བྱམས་དང་བརྩེ་བས་ཕྱུག་པ་གཅིག་པ་རེད་འདུག ད་ཆ། སྤྱི་ཚོགས་གོང་ནས་གོང་དུ་འཕེལ་བ་དང་བསྟུན་ནས་གསར་གཏོད་དང་འགྲན་རྩོད་ཀྱི་བང་འགྲོས་ངོམ་བཞིན་པའི་སྐབས་འདིར། མིའི་རིཌ་ལ་མཁོ་བ་ནི་རྒྱུ་དངོས་པོའི་བསླུ་བྲིད་མ་ཡིན་པར། ཕ་མ་བཟང་པོ་ཞིག་གི་འཛུམ་མདངས་རེད།

    བཞི།

    ལོ་རེའི་ཟླ་དྲུག་པའི་གཟའ་འཁོར་གསུམ་པའི་རེས་གཟའ་ཉི་མ་ནི། ཐོག་མར་ཕྱི་གླིང་རྒྱལ་ཁབ་ནས་དར་ཞིང་། རིམ་གྱིས་འཛམ་གླིང་རྒྱལ་ཁབ་མང་པོས་དོ་སྣང་དང་དགའ་གཏོང་བྱེད་པའི་ལོ་རེའི་ཡབ་ཀྱི་དུས་ཆེན་རེད། དེ་ཉིན་ལས་ཅན་གྱི་བུ་ཕྲུག་མང་པོ་ཞིག་གིས་རང་གི་ཡབ་ཆེན་ལ་དུས་ཆེན་གྱི་རྟེན་འབྲེལ་དང་སྦྲགས། རིན་མཐོའི་གྱོན་གོས་སམ་ཆུ་ཚོད། ཡང་ན་རླངས་འཁོར་རམ་མིང་གྲགས་ཅན་གྱི་སེམས་མཚོན་ཕྱག་རྟགས་མང་པོ་བསྣམས་ཏེ། ཡབ་ཀྱི་དུས་ཆེན་མཉམ་གཏོང་བྱེད་བཞིན་ཡོད་ངེས་ལ། ཡབ་ཀྱི་དུས་ཆེན་དེ་དང་བསྟུན་ཏེ་ནང་མི་ལྷན་འཛོམས་ཀྱི་དགའ་སྐྱིད་ཞལ་ལག་ཀྱང་མཆོད་ངེས། འོན་ཏེ། ང་རང་། གཞན་ཡུལ་དུ་སློབ་གསོའི་བྱ་བ་དང་དུ་ལེན་བཞིན་པའི་བུ་ཕྲུག་ཅིག་གིས། གཞན་ལྟར་གྱི་མིང་གྲགས་ཅན་གྱི་ཟོག་དངོས་ཀྱི་ཕྱག་རྟགས་གྱ་ནོམ་པ་འབུལ་རྒྱུ་མ་བྱུང་རུང་། སེམས་གཏིང་ནས་རང་གི་པཱ་ལགས་ལ་སེམས་མཚོན་གྱི་རྩོམ་ཐུང་ཞིག་བྲིས་ཏེ་ཡབ་ཆེན་དུས་ཆེན་ལ་བཀྲ་ཤིས་རྟེན་འབྲེལ་མཚོན་པར་འདོད། བརྩེ་བའི་པཱ་ལགས། ཁྱེད་རང་ནམ་ཡང་སྐུ་འཚོ་གསལ་ཐང་ཡོང་བར་སྨོན།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395191891