བོད་ལྗོངས།
ཀོང་པོའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་བྲོ་གཞས།

    ཀོང་ཡུལ་སྟོད་སྨད་བར་གསུམ་དུ་གནའ་སྔ་མོ་ནས་དམངས་ཁྲོད་དུ་བྲོ་དང་གླུ་གར་དར་ཁྱབ་ཤིན་ཏུ་ཆེ་བ་དང་། ལོ་རྒྱུས་ཀྱི་འཕེལ་རིམ་གང་འདྲ་ཞིག་ཏུའང་མི་རིགས་ཀྱི་རང་བཞིན་དང་ས་གནས་ཀྱི་མང་ཚོགས་རང་བཞིན་ལྡན་པའི་སྒྱུ་རྩལ་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པའི་ཤོད་རྒྱུན་ཡོད། དེ་ཡང་། གླུ་ལེན་བྲོ་འཁྲབ་ནིའཇིག་རྟེན་ཀུན་གྱིས་དགའ་བའི་རྟགས་སུ་གླུ་ལེན། སྐྱིད་པའི་རྟགས་སུ་བྲོ་འཁྲབ་ཟེར་བ་ལྟར་ཕ་ཁུ་བོ་ཚོགས་ས་རུ་ཆང་དང་གླུ། སྟག་ཤར་པ་ཚོགས་ས་རུ་དཔའ་བའི་ངར་དབྱངས། དམན་ན་ཆུང་ཚོགས་ས་རུ་གླུ་དང་འཁྲབ་བྲོ། ཆུང་བྱིས་པ་ཚོགས་ས་རུ་རྩེད་བྲོ་དང་རྩེད་གླུ། དགེ་བཤེས་བཙུན་པ་ཚོགས་ས་རུ་ཆོས་དབྱངས་དང་སྒྲོག་གླེང་། སྔགས་འཆང་ནུས་ཅན་ཚོགས་ས་རུ་གསང་སྔགས་ཀྱི་གྱེར་སྒོམ། སྒོམ་ཆེན་རྣལ་འབྱོར་ཚོགས་ས་རུ་ཉམས་ཤར་དང་ཆོས་བྲོ། མཐའ་ན་ཕྱུགས་རྫི་ཚུན་གྱིས་གླུ་ཆུང་ཀྱུ་རུ་རུ་བླངས་པ་དག་དགའ་ཞིང་སྐྱིད་པའི་རྟགས་དང་ཉམས་འཕེལ་བའི་རྟགས་སུ་ཁོ་ན་འདུག བྲོ་ཞེས་པར་ཀོང་ཡུལ་དུ་ཁ་སྐད་ལ་བོ་ཞེས་བརྗོད་པ་དང་། ཀོང་ཡུལ་གྱི་མི་རྣམས་བོད་མི་སྤྱི་དང་འདྲ་བར་ནང་སེམས་ཀྱི་བརྩེ་དུང་མཚོན་ཆེད་བྲོ་ལའང་ནང་གསེས་དམིགས་སུ་བགར་ནས་མཆོད་བྲོ་དང་། ཀོང་གླུ ལོ་ཡག སྒོར་བྲོ་མ། གཞུང་བྲོ། བསྡུར་བྲོ། སྒྲ་སྙན་དཀྲོལ་རྡུང་། མདའ་གླུ རྟ་པ་ཞབས་བྲོ། རྫིའུ་གླུ དར་གཞས། བསྟོད་གཞས། བཤད་པ་རྒྱག་པའི་གཞས། འཇག་བསྐྱང་བསྐུལ་བ། རྦད་བཤད། བཀྲ་ཤིས་སྨོན་བྲོ། ཆང་གཞས་སོགས་རིགས་དུ་མར་དབྱེ་བའི་སྲོལ་ཡོད།

    མཆོད་བྲོ་ནི་བྱེད་སྒོའི་འགོ་ལ་འཁྲབ་དགོས་པ་དང་རྟེན་འབྲེལ་ཡག་པོ་འགྲིག་པའི་སླད་དུ་ཡིན་ཞེས་བརྗོད། ལོ་ཡག་བྲོ་ཡང་ཡུལ་དེར་གེགས་བར་སེལ་བ་དང་མུ་གེ་བཀག་ནས་ཆར་ཆུ་རྟག་ཏུ་འབབ་པ་དང་ལོ་འབྲས་རྒྱུན་དུ་སྨིན་པའི་རྟེན་འབྲེལ་ཡིན་ཟེར་ཞིང་། དེ་ནི་ལོ་གསར་སྐབས་འཁྲབ་སྲོལ་ཡོད་པ་རེད། སྒོར་བྲོ་མ་དང་། གཞུང་བྲོ། བསྡུར་བྲོ་ཞེས་པ་ནི་ལོ་རྒྱུས་ཀྱི་མི་སྣ་གྲགས་ཅན་ལ་བསྟོད་པ་དང་ཡུལ་ལྗོངས་ལ་བསྔགས་པ་བརྗོད་པ། མི་རབས་རྗེས་མ་རྣམས་ལ་སྐུལ་སློང་བཅས་ཀྱི་ནང་དོན་ལྡན་ཡོད། དེ་ནི་གཞུང་བྲོ་ནས་འགོ་ཚུགས་ཤིང་། མཇུག་ཏུ་བྲོ་མཚམས་འཇོག་ཁར་བྲོ་ཚིག་ཕན་ཚུན་ཟུར་ཟའི་རྒྱན་ལ་དཀྲི་ནས་བཀྲ་ཤིས་མངོན་པར་བྱས་ཏེ་མཇུག་བསྡུ་བར་བྱེད། སྒྲ་སྙན་དཀྲོལ་གཏོང་གི་སྐབས་སུ་སྔོན་ལ་ཚིག་གདངས་མཐོན་པོའི་སྒོ་ནས་ལོ་རྒྱུས་བརྗོད་པ་དང་། དེ་རྗེས་སྒྲ་སྙན་དཀྲོལ་གཏོང་གི་ཞབས་བྲོ་འཁྲབ་སྲོལ་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395191991