བོད་ལྗོངས།
གསར་འགྱུར་ལོ་ཙཱ་བ་ཞིག་གི་བསམ་པའི་ཀུན་སློང་སྐོར་རགས་ཙམ་གླེང་བ།

    ལོ་ཙཱ་ནི་གསར་གཏོད་གཉིས་པ་ཡིན། ལོ་ཙཱ་བ་ནི་མགྲིན་ཚབ་པ་ཡིན་ཞེས་པ་སོགས་ལ་རྒྱུ་མཚན་མེད་པ་མ་ཡིན་ཏེ། ལོ་ཙཱ་ནི་སྐད་རིགས་ཀྱི་རྨང་གཞིའི་སྟེང་མ་ཡིག་གི་བརྗོད་བྱའི་ནང་དོན་དང་ཚིག་སྦྱོར་གྱི་རྣམ་པ་ཇི་ལྟར་ཡོད་པ་རྣམས་སྒྱུར་ཡིག་ཏུ་མ་ཉམས་པ་དང་། མ་ལུས་པ། མ་ནོར་བར་དེ་ལྟ་དེ་ལྟར་དུ་མཚོན་པར་བྱས་ཤིང་། ལོ་ཙཱའི་དམིགས་ཡུལ་ནི་སྐད་ཡིག་ཅིག་གི་ནང་དོན་དང་རྣམ་པ་དེ་སྐད་ཡིག་གཞན་ཞིག་ཏུ་ཕབ་རྒྱུ་དེ་ཡིན། ཡིག་སྒྱུར་ཞེས་པའང་མི་རིགས་ཤིག་གི་སྐད་དང་ཡི་གེའི་བརྗོད་བྱའི་ནང་དོན་དེ་མི་རིགས་གཞན་ཞིག་གི་སྐད་དང་ཡི་གེའི་ཐོག་ཇི་བཞིན་ཕབ་པར་བརྗོད་ཅིང་། ཡིག་སྒྱུར་དང་སྐད་སྒྱུར་ནི་གནའ་དེང་མི་རིགས་དབར་རིག་གནས་དང་བསམ་བློ་སྤེལ་རེས་ཀྱི་ལག་ཆ་མེད་དུ་མི་རུང་བ་ཞིག་ཡིན།

    ཡིག་སྒྱུར་གྱི་ལག་ལེན་ནི་ལས་འགན་ཨང་དང་པོ་དེ་ཡིན་ཞིང་། ལག་ལེན་ནི་རིགས་པའི་གཞུང་ལུགས་ཀྱི་ངོས་འཛིན་ཅི་འདྲ་ཞིག་ལས་ཀྱང་མཐོ་བ་ཡོད། དེང་གི་ལོ་ཙཱ་བ་འགའ་རེ་ནི་ཡིག་སྒྱུར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས་ཀར་མཁས་པ་དང་། འགའ་རེ་ནི་ཡིག་སྒྱུར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས་ཀར་མི་མཁས་པ། ཡང་འགའ་རེ་ནི་ཡིག་སྒྱུར་གྱི་ལག་ལེན་ལ་མཁས་ཀྱང་ཡིག་སྒྱུར་གྱི་རིགས་པའི་གཞུང་ལུགས་མི་ཤེས་པ། དེ་བཞིན་ལོ་ཙཱ་བ་འགའ་རེ་ནི་རིགས་པའི་གཞུང་ལུགས་ལ་མཁས་ཀྱང་དོན་དངོས་ཀྱི་ཡིག་སྒྱུར་ལག་ལེན་ཁྲོད་གནད་ལ་འཁེལ་པའི་ཡིག་སྒྱུར་བྱེད་མི་ཐུབ་པ་བཅས་ཀྱི་སྣང་ཚུལ་མང་པོ་ཡོད།

    ལོ་ཙཱ་བ་ཞིག་གསར་འགྱུར་ལས་དོན་གྱི་བྱ་གཞག་ཁྲོད་སླེབས་སྐབས་ཐོག་མར་དཀའ་ཁག་མི་ཉུང་བ་ཞིག་འཕྲད་སྲིད་ཀྱང་ཡིག་སྒྱུར་ལས་རིགས་ཀྱི་ཚོགས་པ་ཆེན་པོ་དང་ཁོར་ཡུག་བཟང་པོ་ཞིག་གི་ནང་སླེབས་ཚེ་དེའི་མངོན་མེད་ཀྱི་ཤུགས་རྐྱེན་གྱིས་རང་ཉིད་ལ་ཡིག་སྒྱུར་ལས་རིགས་ཀྱི་སྤྲོ་སྣང་དང་ཏང་གི་གསུང་སྒྲ་དེ་བོད་ཡིག་གི་ལམ་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོར་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱེད་ཐུབ་པའི་སྤྲོ་སྣང་ཞིག་སྦྱིན་ཐུབ་པ་དང་། ལྷག་པར་དུ་ཡིག་སྒྱུར་གྱི་ལག་ལེན་ཁྲོད་རང་ཉིད་ལ་རིག་པ་སྣ་ཚོགས་འཕེལ་ཞིང་། ཉིན་རེའི་ཡིག་སྒྱུར་གྱི་ལས་ཀའི་གོ་རིམ་ཁྲོད་ཡིག་སྒྱུར་ལས་དོན་པ་རྒན་གྲས་ཚོས་རྒྱ་བོད་ཡིག་སྒྱུར་ལ་འཛིན་པའི་ནན་ཏན་གྱི་རྣམ་འགྱུར་དང་ཚིག་འབྲུ་རེ་རེ་ནས་བཟུང་སྟེ་གོ་བ་ཡང་དག་བླངས་ཐོག་བོད་སྐད་ཡིག་གི་ལམ་ནས་བརྡ་ཡང་དག་པར་སྤྲོད་པའི་ཀློག་པ་པོར་བཅངས་པའི་འགན་འཁུར་གྱི་བསམ་པ་བཟང་པོ་དང་རྒྱ་བོད་ཡིག་རིགས་ལ་བཅངས་པའི་ལྷད་མེད་དྭངས་གཙང་གི་བརྩེ་སེམས་ཟབ་མོ་སོགས་ནི་ཡིག་སྒྱུར་ལག་ལེན་དངོས་ནང་ཚོར་ཐུབ།

    རང་ཉིད་ཀྱང་དྲ་ཐོག་གསར་འགྱུར་གྱི་ལོ་ཙཱ་བ་ཞིག་ཡིན་པའི་ངོས་ནས་ཐོག་མར་ཆབ་སྲིད་ཀྱི་གོ་རྟོགས་མཐོ་པོ་ཞིག་གི་ཐོག་ནས་གང་བསྒྱུར་བྱའི་དྲ་ཐོག་གསར་འགྱུར་གྱི་ནང་དོན་ལ་ཞིབ་བཤེར་ལེགས་པར་བྱས་ཐོག་ཡིག་སྒྱུར་གྱི་རིགས་པའི་གཞུང་ལུགས་ལ་སྦྱངས་པ་བྱས་ནས། དྲ་ཐོག་གསར་འགྱུར་རྣམས་དུས་ཐོག་ཏུ་ཡིག་སྒྱུར་བྱས་ཏེ་གསར་འགྱུར་གྱི་ནང་དོན་གནད་ལ་འཁེལ་ཞིང་ཡང་དག་པའི་སྒོ་ནས་རྒྱ་ཆེའི་ཀློག་པ་པོར་མཁོ་འདོན་བྱེད་ཀྱི་ཡོད། ལྷག་པར་དུ་དུས་རྒྱུན་གྱི་གསར་འགྱུར་ཡིག་སྒྱུར་བྱེད་རིང་། མིང་ཚིག་དང་ཐ་སྙད་གསར་པ་ཐོན་མགྱོགས་པ་དང་དུས་མཚམས་སོ་སོར་ཤེས་བྱ་གསར་པའི་སྐོར་གྱི་ཐ་སྙད་གསར་པ་ཐོན་མང་བ་སོགས་ཀྱིས་རྐྱེན་པས། གསར་འགྱུར་ལོ་ཙཱ་བས་སྔོན་ལ་ཤེས་བྱ་གསར་པ་དེ་དག་ལ་རྒྱུས་མངའ་ལོན་པ་དང་ཐ་སྙད་དེ་དག་ཕབ་སྒྱུར་ཇི་ལྟར་བྱེད་མིན་ལ་ཞིབ་འཇུག་གིས་མ་ཡིག་གི་གོ་དོན་ལ་འཁྲུལ་བ་མེད་པ་གང་ཞིག་གང་སྒྱུར་བྱེད་ཀྱི་བུ་ཡིག་དེའི་བརྡ་སྤྲོད་གཞུང་ལུགས་དང་མཐུན་པར་བྱས་ཏེ། རྒྱ་ཆེའི་ཀློག་པ་པོ་དང་མང་ཚོགས་ལ་ཤེས་བྱ་གསར་པ་ངོ་སྤྲོད་ཡང་དག་བྱེད་པའི་འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་གང་ཐུབ་བྱེད་ཀྱི་ཡོད།

    ཡིག་སྒྱུར་ནི་མི་རིགས་དབར་གྱི་སྐད་བརྡའི་བཀག་རྒྱ་བསལ་ཏེ་ཕན་ཚུན་གོ་བརྡ་སྤྲོད་པའི་ཐབས་ལམ་ཡག་པོ་ཞིག་ཡིན་པ་མ་ཟད། བསམ་བློ་དང་རིག་གནས་སྤེལ་རེས་བྱེད་པའི་སྦྲེལ་ཟམ་ལྟ་བུ་ཞིག་ཡིན། སྤྱིར་ན་མི་རིགས་ཤིག་གི་ཤེས་དཔལ་དར་རྒྱས་དང་ཡང་སྒོས་མི་རིགས་ཕན་ཚུན་དབར་འབྲེལ་བ་བྱེད་རིང་སྐད་སྒྱུར་དང་ཡིག་སྒྱུར་གྱི་འབྲེལ་བ་ནི་གལ་འགངས་ཤིན་ཏུ་ཆེ་བའི་སྤེལ་རེས་ཀྱི་འབྲེལ་བ་ཞིག་ཡིན་ལ། མི་རིགས་ཕན་ཚུན་གྱི་སྐད་དང་ཡི་གེའི་འབྲེལ་བ་ལས་མི་རིགས་ཕན་ཚུན་གྱི་རིག་གནས་ཤེས་རྟོགས་དང་ཕན་ཚུན་གྱི་སྔོན་ཐོན་ཤེས་དཔལ་བསྡུ་ལེན་བྱས་མཐར་ཕན་ཚུན་གཉིས་ཀའི་སྤྱི་ཚོགས་ཀྱི་ཤེས་དཔལ་ལ་སྐུལ་མ་ཐེབས་ཀྱི་ཡོད། གསར་འགྱུར་ཡིག་སྒྱུར་ལ་ཆ་མཚོན་ནའང་ཚགས་པར་དང་། སྐད་འཕྲིན། དྲ་རྒྱ། བརྙན་འཕྲིན། རླུང་འཕྲིན་སོགས་སྨྱན་སྦྱོར་ཆེ་གྲས་དེ་དག་གིས་རྒྱལ་སྤྱི་རྒྱལ་ནང་གི་གསར་འགྱུར་རྣམས་བུ་ཡིག་གི་ལམ་ནས་ཀློག་པ་པོར་བརྒྱུད་བསྒྲགས་བྱེད་ཀྱི་ཡོད། དེར་བརྟེན་དྲ་ཐོག་གསར་འགྱུར་གྱི་ལོ་ཙཱ་བ་ཞིག་ཡིན་ཚེ། རྣམ་ཀུན་དྲ་ཐོག་གི་གསར་འགྱུར་ཡི་གེའི་ལམ་ནས་མང་ཚོགས་ཀྱི་འདྲེན་བྱེད་ལམ་དུ་སྟོན་པ་ཙམ་མ་ཡིན་པར། ལོ་ཙཱའི་ནང་དོན་རྣམས་བརྙན་ཐུང་དང་། སྒྲ་འཇུག H5སོགས་དུས་ཀྱི་དགོས་མཁོ་དང་འཚམ་པའི་སྨྱན་སྦྱོར་གསར་པའི་འཕེལ་ཕྱོགས་ཀྱི་འགྲོས་དང་མཐུན་པའི་དྲིལ་བསྒྲགས་དང་ཁྱབ་གདལ་བྱེད་ཐབས་སོགས་དང་ཡང་མཐུན་དགོས།

    མདོར་ན། གསར་འགྱུར་ལོ་ཙཱ་བ་ཞིག་གིས་རང་ཉིད་ལ་འཕྲད་པའི་དཀའ་ངལ་སྣ་ཚོགས་ལ་གདོང་ལེན་བྱེད་པའི་ཁར། ཐིགས་པ་བསགས་པའི་རྒྱ་མཚོ་ཇི་བཞིན་ཉིན་རེའི་གསར་འགྱུར་དག་ཡིག་སྒྱུར་གྱི་ལག་ལེན་དངོས་ནང་ཞུགས་ནས་ཡིག་སྒྱུར་རྒན་གྲས་ཚོའི་ལུས་ཐོག་གི་སྤྱོད་བཟང་ལ་སེམས་ཆུང་གིས་སློབ་སྦྱོང་བྱེད་པ་དང་རང་ཉིད་ཀྱི་ལོ་ཙཱའི་ནང་དོན་ལ་འགན་འཁུར་གྱི་བསམ་པ་ཆེན་པོ་བཅངས་ནས་ཏང་གི་གསུང་སྒྲ་དང་གསར་འགྱུར་སྣ་ཚོགས་ལོ་ཙཱའི་ལམ་ནས་ཀློག་པ་པོར་གོ་བརྡ་ཡང་དག་འཕྲོད་རྒྱུར་འབད་བརྩོན་བྱེད་དགོས།

    (བོད་ལྗོངས་ཉིན་རེའི་ཚགས་པར་ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བའི་བསོད་ནམས་དབང་འདུས)

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396290651