བོད་ལྗོངས།
《བོད་ཀྱི་རྩོམ་རིག་སྒྱུ་རྩལ》བཏོན་ནས་ལོ་40འཁོར་བའི་རྟེན་འབྲེལ་མཛད་སྒོ་དང་སྐབས་གཉིས་པའི“ལོ་ཟུང་བྱ་དགའ”སྤྲོད་པའི་མཛད་སྒོ་ལྷ་སར་འཚོགས་པ།

    ཉེ་ཆར། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས《བོད་ཀྱི་རྩོམ་རིག་སྒྱུ་རྩལ》བཏོན་ནས་ལོ་40འཁོར་བའི་རྟེན་འབྲེལ་མཛད་སྒོ་དང་སྐབས་གཉིས་པའི“ལོ་ཟུང་བྱ་དགའ”སྤྲོད་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད།

    ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ་ཁྲན་རན་ཅེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཕུར་བུ་ཚེ་རིང་དང་། ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ། ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་འཇིགས་མེད་ཕུན་རྒྱལ་གྱིས་གལ་ཆེའི་གསུང་བཤད་གནང་བ་རེད། ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མི་ཀྲུའུ་ཞི་གཞོན་པ་ཧྥང་ཀྲེ་ཏོན་དང་ལི་ཞོའེ་ཡན་དང་། རང་ལྗོངས་ཀྱི་རྩོམ་པ་པོ་རྒན་དར་གཞོན་གསུམ་གྱི་འཐུས་མི་མི་གྲངས་དྲུག་ཅུ་ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།

    མཛད་སྒོའི་ཐོག 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་བསྟན་པ་ཡར་རྒྱས་ཀྱིས་དུས་དེབ་གསར་དུ་བཏོན་ནས་ད་བར་གྱི་ལས་དོན་ཁག་ལ་ཁྱོན་ཡོངས་ནས་ཕྱོགས་བསྡོམས་དང་། མི་འདང་བའི་ཆར་དབྱེ་ཞིབ། མ་འོངས་པའི་གཉེར་ཕྱོགས་ཐད་ཀྱི་བྱ་ཐབས་གཙོ་བོར་བཟུང་ནས་གཏམ་བཤད་སྤེལ་བ་དང་། ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་དེ་སྔའི་སྐོར་ཞིབ་པ་གཞོན་པ། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》ལོ་ཟུང་བྱ་དགའ་སྐབས་གཉིས་པའི་དཔྱད་འདེམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མཁས་གྲུབ་ཆོས་འཕེལ་གྱིས་ཐེངས་འདིའི་དཔྱད་འདེམ་བྱས་ཚུལ་ལ་གསལ་བཤད་དང་། བྱ་དགའ་ཐོབ་པའི་བརྩམས་ཆོས་བརྒྱད་པོར་དཔྱད་བརྗོད་གནང་བ་དང་སྦྲགས། ན་གཞོན་རྩོམ་པ་པོ་ཨེ་ཕུར་བཀྲས་བྱ་དགའ་ཐོབ་པའི་མྱོང་ཚོར་གླེང་བ་རེད།

    ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཕུར་བུ་ཚེ་རིང་གིས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལས་དོན་དང་། རིག་གནས་དྲིལ་བསྒྲགས་ལས་དོན་གྱི་ཟུར་ངོས་ནས་སྐབས་རིམ་བྱུང་གི་རྩོམ་སྒྲིག་པ་དང་རྩོམ་པ་པོའི་ལས་དོན་གཉེར་ཕྱོགས་ལ་གདེང་འཇོག་གང་ལེགས་གནང་བ་དང་། ལྗོངས་རིག་རྩལ་ལྷན་ཚོགས་འདི་ཉིད་རང་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་གྱི་ཞིང་ས་གཤིན་པོ་ཞིག་དང་། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དུས་དེབ་འདི་ཉིད་ཕུལ་བྱུང་གི་དུས་དེབ་ཅིག་ཏུ་གཉེར་ཐུབ་པ་བྱ་རྒྱུ་ཙམ་མ་ཟད། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་བསམ་བློའི་འདུ་ཤེས་ཁྱབ་ཁོངས་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གསལ་པོས། བསམ་བློ་དང་སྒྱུ་རྩལ་གྱི་ཆུ་ཚད་ལྡན་ལ། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་མཚོན་པའི་བརྩམས་ཆོས་ཕུལ་བྱུང་གང་མང་སྤེལ་དགོས་པའི་ཐུགས་རེ་ཡང་གནང་བ་རེད།

    ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི། ཀྲུའུ་ཞི་གཞོན་པ། ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་འཇིགས་མེད་ཕུན་རྒྱལ་གྱིས《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དུས་དེབ་གཉེར་བ་ནས་ད་བར་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། སླད་ཕྱིན་སྔར་སྲོལ་བཟང་པོའི་རྒྱུན་བསྐྱངས་ཏེ་སྤྱི་ཚོགས་རིང་ལུགས་དང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་གཙོ་བོར་བཟུང་ཐོག མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་རྩ་དོན་གཞིར་བཟུང་ནས། བསམ་བློའི་འདུ་ཤེས་ཟབ་ཏུ་གཏོང་བ་གང་ཞིག བསམ་བློ་དང་སྒྱུ་རྩལ་གྱི་གཤོག་ཟུང་ལྡན་པའི་བརྩམས་ཆོས་ཕུལ་བྱུང་གང་མང་སྤེལ་བ་དང་། ཕུགས་ཕན་གྱི་དུས་དེབ་གཉེར་ཐབས་འཚོལ་ཞིབ་བྱེད་པ་སོགས་ལ་བླང་བྱ་ནན་པོ་བཏོན་པ་རེད།

    མཛད་སྒོའི་ཐོག ད་དུང་བོད་ལྗོངས་དཔེ་མཛོད་ཁང་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དཔེ་མཛོད་ཁང་བཅས་ལ《བོད་ཀྱི་རྩོམ་རིག་སྒྱུ་རྩལ》གྱི་ལོ་ངོ་བཞི་བཅུའི་རིང་གི་གྲུབ་འབྲས་ཏེ། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལེགས་རྩོམ་གཅེས་བཏུས》དཔེ་ཚོགས་རེ་ཕུལ་བ་དང་། 《མི་རིགས་རྩོམ་རིག》དང་། 《སྦྲང་ཆར》 《ཟླ་ཟེར》སོགས་ལྗོངས་ཕྱི་ནང་གི་དུས་དེབ་རྩོམ་སྒྲིག་ཁང་ཁག་ནས་བསྐུར་བའི་ཤིས་ཚིག་སྒྲོག་སྦྱང་བྱས་པ་རེད།

    ད་རེས་ཀྱི་མཛད་སྒོ་འཚོགས་རྗེས། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དུས་དེབ་ཀྱིས་སྔར་མུས་བཞིན་་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་མ་ཟད། འགོ་འཛུགས་ས་གསར་པའི་ཐོག་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་། དུས་བསྟུན་ཡར་རྒྱས། དཀའ་སྤྱད་འབད་བརྩོན་གྱིས་རྒན་དར་གཞོན་གསུམ་གྱི་རྩོམ་པ་པོའི་དཔུང་ཁག་འཛུགས་སྐྱོང་དང་། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་རྩ་དོན་མཐའ་འཁྱོངས། རང་ངོས་ཀྱི་རྩོམ་རྩལ་མཐོར་འདེགས། དུས་རབས་ཀྱི་འགྲོས་དང་མཐུན་པའི་དུས་དེབ་གཉེར་ཕྱོགས་འཚོལ་ཞིབ་བྱས་ཐོག་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ། བོད་ཀྱི་རྩོམ་རིག་བྱ་གཞག་ཡར་རྒྱས་གོང་འཕེལ་ཡོང་བར་འབད་འཐབ་སྔར་ལས་ལྷག་པ་བྱེད་དགོས་པའི་ངོས་འཛིན་གསལ་པོ་བྱུང་བ་རེད།

    ཕྱི་དྲོའི་བཞུགས་མོལ་ཚོགས་འདུ་འཁྲུག་ཆ་ཧ་ཅང་དོད་ཅིང་། རང་ལྗོངས་ཀྱི་རྩོམ་པ་པོ་རྒན་དར་གཞོན་གསུམ་གྱི་འཐུས་མི་དང་། རྩོམ་སྒྲིག་པ། ཆེད་ལས་མཁས་དབང་། རིག་གཞུང་ཞིབ་འཇུག་པ་སོགས་ཀྱིས་ལོ་ངོ་བཞི་བཅུའི་རིང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དུས་དེབ་ལ་ཐོབ་པའི་གྲུབ་འབྲས་ལ་ཕྱིར་དྲན་དང་གདེང་འཇོག་གང་ལེགས་གནང་བ་མ་ཟད། དུས་རབས་གསར་པའི་དུས་དེབ་གཉེར་ཕྱོགས་ཐད་རང་རང་གི་དགོངས་འཆར་ལྷུག་པོར་གླེང་བ་རེད།

    གཞན་ཡང་། རྟེན་འབྲེལ་མཛད་སྒོར་སྐབས་གཉིས་པའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》གྱི“ལོ་ཟུང་བྱ་དགའ”དཔྱད་འདེམས་ཨུ་ལྷན་གྱིས་བརྩམས་ཆོས་8ལ་དཔྱད་བརྗོད་བྱས་པ་མ་ཟད། བྱ་དགའ་ཐོབ་མཁན་རྩོམ་པ་པོར་བྱ་དགའ་སྤྲད་པ་རེད།

    ད་རེས་སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་བརྩམས་སྒྲུང《གནམ་གཤིས་སྡུག་པོའི་སྟོན་ཁ》དང་། ཨེ་ཕུར་བཀྲའི་བརྩམས་སྒྲུང《སྐྲ་གཞུག་དམར་པོ》 བདུད་ལྷ་རྒྱལ་གྱི་དཔྱད་རྩོམ《དེང་རབས་རང་བཞིན་གྱི་བརྡབ་གསིག་གིས་བསྐྱེད་པའི་མི་གཤིས་ཀྱི་རྩོམ་འབྲི——〈གྲིབ་གཟུགས་ཁྲོད་ཀྱི་མི་ཚེ〉ཡི་བསམ་བློའི་ནང་དོན་ལ་དཔྱད་པ》 རུས་པའི་སྙན་ངག《ཝུའུ་ཧན། ཝུའུ་ཧན། ཝུའུ་ཧན》 བསྟན་པ་ཡར་རྒྱས་ཀྱི་འགྱུར་རྩོམ་《ལུག་རྫི་བུ་མོ》 རལ་གྲི་སྒང་སྤེན་རྒྱལ་གྱི་སྙན་ངག《ལྷོ་བྲག་ཏུ་བསྐྱོད་པའི་མཐོང་ཐོས་ཚིགས་སུ་བཅད་པ་རླབས་རྒྱུན་རྩེན་པའི་ཟེགས་མ》 ཕུན་ཚོགས་བཀྲ་ཤིས་ཀྱི་ལྷུག་རྩོམ《གྲོ་མོར་བསྐྱོད་པ》 ཨོ་རྒྱན་རྡོ་རྗེའི་ལྷུག་རྩོམ《ལྐོག་གྱུར་གྱི་གྲོག་རོང་།——གནའ་མཁར་གྱི་ཡུལ་ལུང་ལྷོ་བྲག་ཏུ་བསྐྱོད་པའི་ཟིན་ཐོ》བཅས་ལ་སྐབས་འདིའི་ལོ་ཟུང་བྱ་དགའ་ཐོབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》ནི་རང་སྐྱོང་ལྗོངས་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་བ་དང་1980ལོར་བཏོན་ཞིང་། ལོ་40ཡི་རིང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དུས་དེབ་ཐེངས་246བཏོན་པ་དང་སྔ་རྗེས་སུ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལེགས་རྩོམ་གཅེས་བཏུས་3པར་སྐྲུན་བྱས་པ་རེད། དུས་དེབ་ཏུ་ད་བར་ཁྱོན་བརྩམས་སྒྲུང་རིང་གྲས་10ལྷག་ཙམ་དང་། བརྩམས་སྒྲུང་འབྲིང་གྲས་དང་ཐུང་གྲས་400ལྷག་ཙམ། ལྷུག་རྩོམ་600 སྙན་ངག་2400ལྷག་ཙམ། འགྱུར་རྩོམ་150ལྷག་ཙམ་བཏོན་ཡོད་པ་རེད། སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུས་དང་དཔེ་སྐྲུན་ལས་དོན་མཐུན་ཚོགས་ཀྱི“ཕུལ་བྱུང་དུས་དེབ”ལ་ཐེངས་3བདམས་པ་བཅས་བོད་ཀྱི་རིག་རྩལ་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད།(འཕྲིན་སྤེལ་བ། ལྷ་གཡང་ནོར་བུ་དང་། གསར་འགོད་པ། ཟླ་བ་ཚེ་རིང)

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396398111