བོད་ལྗོངས།
ང་དང་དཔེ་དེབ་ཀྱི་ལས་འབྲེལ།

    རྩོམ་པ་པོ་ཉི་མ་ཚེ་རིང་།

    སློབ་གྲྭ་ཆུང་འབྲིང་འགྲིམ་པའི་སྐབས་སུ། ངས་ཁྱེད་ལ་བརྩེ་དུང་གི་ལྕགས་ཀྱུ་རྣོན་པོ་དེ་ཙམ་འཕང་རྒྱུ་མ་བྱུང་ལ། ཁྱེད་ཀྱི་སྦྱིན་པའི་དགའ་སྣང་ཡང་ངས་ཡོངས་སུ་མྱངས་མ་ཐུབ་པས། སེམས་ཀྱི་གཏིང་རིམ་དུ་འགྱོད་པའི་ས་བོན་ཞིག་སྐབས་དེ་དུས་ནས་བཏབ་པར་སེམས། ཕྱིས་ཀྱི་དགེ་འོས་སློབ་གླིང་གི་བགྲང་བྱ་བཞི་ཡི་འཚོ་བ་ནི་རིང་མིན་ཐུང་མིན་ངང་ནས་སྙོམས་ལས་འབའ་ཞིག་གི་དོན་དུ་ཟད། དེ་དུས་ཀྱང་ང་གཉིས་གཉིས་པོའི་ལས་དབང་གི་ཞིང་ས་གཤིན་པོར་བརྩེ་དུང་གི་མྱུ་གུ་འབུས་མི་ཐུབ་པ་དེ་ནི། དུས་ད་ལྟ་རྨ་ཁ་ཆེན་པོ་ཞིག་དང་འདྲ་བར་སེམས་ཀྱི་དབུས་སུ་གནོང་འགྱོད་ཚུལ་གྱིས་གནས།

    དེ་ལྟར་མི་ལོ་ཉི་ཤུ་ལྷག་གི་གོང་དུ། དཔེ་དེབ་ཀྱི་དགའ་མར་བརྩེ་དུང་གི་མྱུ་གུ་འབུས་མ་མྱོང་བའི་ཁོ་བོ་སློབ་མཐར་ཕྱིན་ནས་གཙང་མཁས་གཞན་ཕན་གྱི་མཚན་ཉིད་དང་ལྡན་པའི་དགེ་རྒན་གྱི་ལས་གནས་ཤིག་རག་པར་ཡིད་དགའ་བས་རབ་ཏུ་མྱོས་བྱུང་ལ། ལྕགས་ཕོར་བརྟན་པོ་ཞིག་རག་སོང་སྙམ་ནས་འདོད་བློ་ཁེངས་པའི་ཚུགས་ཀ་ཞིག་ཀྱང་བསྟན་མྱོང་། ལས་ཞུགས་རྗེས་ཀྱི་བགྲང་བྱ་དུ་མའི་རིང་། ཁོ་བོས་དཔེ་དེབ་ཀྱི་དགའ་མ་ཁྱེད་ལ་བརྩེ་བའི་མདའ་མོ་འཕེན་མ་ཐུབ་པར་ལུས་པས། དུས་ད་ལྟ་འགྱོད་སེམས་ཀྱིས་རབ་ཏུ་མནར།

    ལས་སྨོན་བཟང་པོའི་དབང་གིས། ལོ་གཉིས་གོང་གི་སོས་ཀའི་དུས་བཟང་ཞིག་ལ་རང་ཉིད་ལྷ་སར་གཟབ་སྦྱོང་ལ་འགྲོ་བའི་གོ་སྐབས་ཤིག་རག་ཅིང་། སྐབས་དེར་ཁོ་བོ་དང་ལུས་པོ་ཅུང་ཟད་རིད་ལ། འདྲེན་བྱེད་ཟུང་ལ་སྤྱན་ཤེལ་བཏགས་ཤིང་། སྐྱེས་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་ཕོ་གཞོན་ཞིག་དང་ཉལ་ཁང་གཅིག་ཏུ་འཁེལ་བྱུང་། ཕོ་གཞོན་དེ་ནི་སློབ་མཐར་ཕྱིན་ནས་དུས་ཡུན་རིང་པོ་མ་སོང་ཡང་། ཁོང་ནི་དཔེ་དེབ་ཀློག་པ་དང་སྙན་རྩོམ་འབྲི་རྒྱུར་དགའ་བས་རབ་ཏུ་བརྟས་པ་མ་ཟད། རང་རིགས་ཀྱི་ལོ་རྒྱུས་དང་རྩོམ་རིག་ལ་དུང་ཞེན་ཟབ་པ་ཞིག་རེད་འདུག ཁོང་གིས་དཔེ་དེབ་ཀློག་རྒྱུ་ནི་མི་རིགས་ཤིག་མི་ཉམས་གོང་དུ་འཕེལ་བའི་ཐབས་ལམ་དང་། ཤེས་རིག་གི་སྒོ་མོ་ཕྱེ་བའི་ལྡེ་མིག་ཅིག་ཡིན་པའི་སྐོར་དོ་དོ་ནན་ནན་གྱིས་གླེང་བས་ན། ད་གཟོད་ཁོ་བོའི་ན་བུན་གྱི་གཏིབས་པ་ལྟ་བུའི་སེམས་ཀྱི་ནམ་མཁའ་དྭངས་ཏེ། དུས་དེ་ནས་བཟུང་བརྩེ་བའི་མདའ་མོ་རྣོན་པོ་དཔེ་དེབ་ཀྱི་དགའ་མར་འཕེན་འགོ་བརྩམས་པ་ཡིན་ལ། ལས་དབང་གི་མྱུ་གུ་དེར་འབྲས་བཟང་ཞིག་སྨིན་པའི་རེ་འདུན་བཟང་པོ་མངོན་འགྱུར་ཡོང་ཆེད། ཁོ་བོར་ཁོམ་པ་ཡོད་རིམ་བཞིན་ཁྱེད་དང་འགྲོགས་ནས་འབྱམས་ཀླས་པའི་ཤེས་རིག་གི་ཐང་ཡངས་བརྒལ་འདོད་ཀྱི་བློ་ཞིག་ངམ་ངམ་ཤུགས་སུ་སྐྱེས་བྱུང་།

    བགྲང་བྱ་གཅིག་ལྷག་ཙམ་གྱི་རིང་། ཁོ་བོས《དེབ་ཐེར་ཀུན་གསལ་མེ་ལོང》ལས་རང་རིགས་ཀྱི་ལོ་རྒྱུས་རགས་རིམ་ལ་ཤེས་རྟོགས་ཐུབ་བྱུང་ལ། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས་ཆོས་ལུགས་གྲུབ་མཐའ་ཁག་གི་འབྱུང་འཕེལ་ལ་ཡང་རྒྱུས་ལོན་ཅུང་ཟད་ཞིག་བྱུང་། མི་སེམས་འགུལ་བའི《རྗེ་བཙུན་མི་ལའི་རྣམ་མགུར》ལས་རྗེ་བཙུན་མི་ལ་རས་པས་རང་ཉིད་ཀྱི་སྔར་བྱས་ལ་འགྱོད་བཤགས་ཀྱིས་དཀའ་བ་གྲངས་མེད་སྤྱད་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་རྟོགས་སོང་ལ། 《སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང》ལས་སློབ་དཔོན་སྣ་ཚོགས་གཟུགས་ཅན་ཁོང་གིས་འབྲུག་ཡུལ་བུ་མོར་བཅངས་པའི་བཅོས་མིན་གྱི་བརྩེ་བར་ཡང་ཡིད་སྨོན་ཤོར་མྱོང་། 《འཛམ་གླིང་ཤར་ནུབ་མཁས་པའི་དཔེ་ཀློག་གི་མན་ངག་གཅེས་བཏུས》ལས་དཔེ་ཀློག་ལ་འཇུག་ཚུལ་དང་། དེ་བཞིན་དེའི་རིན་ཐང་དང་ཕན་ཡོན་འཛད་མཐའ་མེད་པར་སྔར་བས་ངོས་འཛིན་གཏིང་ཟབ་བྱུང་།

    མདོར་ན། དཔེ་དེབ་དགའ་མ་ཁྱེད་ལ་བརྩེ་དུང་གི་མྱུ་གུ་འཁྲུངས་པའི་དུས་དེ་ནས། ཁྱེད་ཀྱིས་ཁོ་བོར་ཤེས་རིག་གི་བདུད་རྩི་བསྩལ་བྱུང་ལ། ཁོ་བོས་ཀྱང་ཁོམ་པ་ཡོད་རིམ་བཞིན་ཁྱེད་དང་མཉམ་དུ་འགྲོགས་ནས་བརྩོན་འགྲུས་ཀྱི་གྲུ་གཟིངས་ལ་བརྟེན་ཏེ་མཐའ་ཡས་ཤེས་བྱའི་ཆུ་གཏེར་ཡངས་པོར་བརྒལ་མུས་ཡིན་པ་མ་ཟད། རྩོམ་རིག་སྒྱུ་རྩལ་གྱི་མེ་ཏོག་ལྡུམ་རའི་ཁྲོད་དུ་མེ་ཏོག་གི་རྩི་བཅུད་ལེན་ལ་བྲེལ་བའི་རྐང་དྲུག་བུང་བ་འབའ་ཞིག་ཀྱང་བྱེད་འདོད། དེ་ལྟར་རང་ཉིད་མི་ལོ་བཞི་བཅུར་སླེབས་པའི་ལོ་འདིར། དཔེ་དེབ་ཀྱི་དགའ་མ་ཁྱེད་དང་ལས་འབྲེལ་བྱུང་བ་ནི་ཅུང་ཟད་འགྱངས་བར་མངོན་སོང་ཡང་། ཆོས་རྗེ་ས་པཎ་གྱི་ཞལ་སྔ་ལས“རིག་པ་ནངས་པར་འཆི་ཡང་སློབ། ཚེ་འདིར་མཁས་པར་མ་གྱུར་ཀྱང་། སྐྱེ་བ་ཕྱི་མར་བཅོལ་བ་ཡི། ནོར་ལ་རང་ཉིད་ལེན་དང་མཚུངས”ཞེས་གསུངས་པས་ན། ང་གཉིས་བར་གྱི་ལས་འབྲེལ་ཕྱིས་དྲགས་པར་གནོང་འགྱོད་ག་ལ་བྱེད་དགོས།

    ད་ནི་ཁོ་བོས་དཔེ་དེབ་ཀྱི་དགའ་མ་ཁྱེད་ལ་བཅོས་མིན་གྱི་འདང་བརྩེ་དམར་པོའི་མེ་ལྕེ་འབར་བ་ལྟར་བཅངས་ནས། ཤེས་རིག་གི་བ་གམ་མངོན་པར་མཐོ་བའི་གཞལ་ཡས་ཁང་དུ་ལྗོངས་རྒྱུར་ཆས་པའི་དམ་བཅའ་རྡོ་བརྐོས་རི་མོའི་ཚུལ་དུ་བརྐོས་ཡོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396768511