བོད་ལྗོངས།
རྒྱ་བོད་བཟའ་ཚོ་གཉིས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ།

    རྩོམ་པ་པོ་བུ་ཚེ་རིང་རྒན་པ།

    མེ་ཏོག་ལྡུམ་རའི་སྡོད་ཁུལ་དུ་འཆམ་མཐུན་བདེ་སྐྱིད་ལྡན་པའི་རྒྱ་བོད་བཟའ་ཚོ་གཉིས་ཡོད། ཟླ་བོའི་མིང་ལ་ལུང་ཧྲི་ཀྲུང་ཟེར་ཞིང་རྒྱ་རིགས་བློ་མཐུན་ཡིན་པ་དང་། ཁོ་བོའི་ཆུང་མ་ནི་ས་གནས་དེ་རང་གི་བོད་རིགས་བུ་མོ་ཞིག་སྟེ་མིང་ལ་པ་སངས་མཆོག་པ་ཟེར། བཟའ་ཚོ་གཉིས་པོའི་བར་ལ་བརྩེ་བ་ཟབ་ཅིང་འཚོ་བ་བདེ་སྐྱིད་དང་ལྡན་པས། དེ་ཁུལ་གྱི་མི་རྣམས་ཀྱིས་རྒྱུན་དུ་ཡང་ཡང་གླེང་ཞིང་སེམས་གཏིང་ནས་ཡིད་སྨོན་བྱེད་པའི་ཁྱིམ་ཚང་ཞིག་རེད། ནམ་རྒྱུན་ལུང་ཧྲི་ཀྲུང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་། ཆུང་མ་ཁྲོམ་ལམ་གྱི་གཙང་སྦྲའི་ལས་ཀར་འགྲོ་ཞིང་། ངལ་གསོ་སོགས་ཁོམ་དུས་སུ་བཟའ་ཚོ་གཉིས་པོ་ལུས་དང་གྲིབ་གཟུགས་བཞིན་དུ་འགྲོགས་ཏེ། མཉམ་དུ་འཆམ་འཆམ་དང་། མཉམ་དུ་ཚལ་ཉོ་བ། དགའ་བའི་གཏམ་གླེང་དང་སྤྲོ་བའི་དགོད་སྒྲའི་ཁྲོད་ཕྲུ་གུ་ལྟ་སྐྱོང་། གཞན་ཡང་ཕན་ཚུན་མི་རིགས་སོ་སོའི་ཟས་རིགས་བཟོ་སྟངས་སློབ་རེས་དང་། སྐབས་རེ་བུ་མོ་ཁྲིད་དེ་ཆུང་མའི་ཕ་མར་ལྟ་བར་འགྲོ་བ། སྐབས་རེ་ཕ་མ་སྤུན་མཆེད་ཚོ་རང་ཁྱིམ་དུ་བསུས་ཏེ་དགའ་དགའ་སྤྲོ་སྤྲོའི་ངང་དུ་ཟ་འཐུང་ལ་རོལ་བ་སོགས། སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་། སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་བྱེད་པས། གྲོང་པ་ཁྱིམ་མཚེས་ཚོའི་ཁྲོད་ནས་ལ་ལས་ཁོ་གཉིས་བཟའ་ཚོ་གཉིས་ནི་ལུས་དང་གྲིབ་གཟུགས་རེད་ཅེས་དང་། ཡང་འགའ་རེས་གླང་མཁན་དང་འཐག་མཁན་བུ་མོ་དང་མཚུངས་ཟེར་ནས་ཡིད་སྨོན་བསྔགས་བརྗོད་བྱེད།

    ཡིན་ནའང་ཁོ་གཉིས་པོའི་འདས་སོང་གི་མི་ཚེར་ཕྱིར་དྲན་བྱས་ཚེ། མཚོ་ལྟར་ཟབ་པའི་བརྩེ་དུང་དང་སྦྲང་རྩི་ལྟར་མངར་བའི་འཚོ་བ་འདི་ལས་སླ་པོར་བྱུང་བ་ཞིག་མིན་པ་ཤེས་ཐུབ། དེ་ཡང་ཁོང་གཉིས་པོའི་དང་ཐོག་མའི་བརྩེ་དུང་གི་ལམ་བུ་ནི་འབར་འབུར་ཀྱག་ཀྱོག་མང་བ་སྟེ། ལུང་ཧྲི་ཀྲུང་དེ་སྔ་ཕ་ཡུལ་ལ་ཡོད་དུས་ཚོང་ལས་ལ་བརྟེན་ནས་འཚོ་ཐབས་བྱེད་ཀྱི་ཡོད། ཕྱིས་སུ་ས་ཕྱོགས་གཞན་ནས་དེ་གར་ཚོང་ལས་ལ་ཡོང་མཁན་ཇེ་མང་དུ་སོང་བ་དང་། དེང་རབས་ཀྱི་ཚོང་ལས་རྣམ་པས་སྲོལ་རྒྱུན་གྱི་ཚོང་ལས་ལ་འགྲན་བརྩོད་ཆེན་པོ་འཕྲད་དེ་སྲོལ་རྒྱུན་ཚོང་ལས་ཀྱི་ཁྱབ་ཁོངས་ཇེ་ཆུང་དང་ཁེ་གཙང་ཇེ་ཞན་དུ་གྱུར་ནས། ཁོ་པའི་ཚོང་ལས་ལ་ཕམ་ཉེས་བྱུང་བ་རེད། དེ་ལྟར་འ་ཆད་འུ་ཐུག་ཏུ་གྱར་བའི་ལུང་ཧྲི་ཀྲུང་2000ལོར་ཀན་སུའུ་ནས་གཞིས་རྩེར་ལས་ཀ་འཚོལ་དུ་ཡོང་། གཞིས་རྩེར་ཐོག་མར་སླེབས་དུས་མི་ཆ་མེད་དང་ཡུལ་རྒྱུས་མེད་ཡིན་པས། ལས་ཀ་འཚོལ་རྒྱུ་བསམ་ཚོད་ལྟར་སླ་བ་ཞིག་མིན་པས། ལུང་ཧྲི་ཀྲུང་གིས་སྔར་བྱེད་མྱོང་མེད་པའི་ངན་ལས་ཏེ། ཨར་ལས་ལས་གྲྭར་ལག་གཡོག་བྱེད་པར་མ་འགྲོ་ཀ་མེད་བྱུང་། དེ་དུས་ས་བབ་དམའ་བའི་ཀན་སུའུ་ནས་ས་བབ་མཐོ་བའི་གཞིས་རྩེར་བསླེབས་ནས་དུས་ཡུན་རིང་པོ་མ་སོང་བའི་ཐོག གཅིག་ནས་ཨར་ལས་ཀྱི་ཉམས་མྱོང་མེད་པ་དང་། གཉིས་ནས་ལས་ཡུན་རིང་ཞིང་ལས་ཀ་དཀའ་ལས་ཁག་པས། ས་མཐོའི་ལ་དུག་ཕོག་སྟེ་མགོ་བོ་ན་བ་དང་བྲང་ཁ་མི་བདེ་བ་སོགས་ཀྱིས་ཉིན་མོ་ལུས་པོ་མི་བདེ་བ་དང་། མཚན་མོ་གཉིད་ཡག་པོ་མི་ཁུག་པས་ཡིད་ཐང་ཨ་ཐང་ཆད་དེ། ལས་ཀ་ཟླ་བ་གསུམ་ཙམ་ལས་མ་འཁྱོངས་པར་ཁ་བྲལ་དགོས་བྱུང་། ལས་གྲྭ་ནས་ཁ་བྲལ་རྗེས་ཁོ་པས་ཟླ་བ་གསུམ་རིང་གི་གླ་ཕོགས་ནས་འཁོར་གསུམ་འཁོར་ལོ་ཞིག་ཉོས་ནས་ཟོག་རོ་བསྡུ་ཉོའི་ལས་ལ་ཞུགས། ཟོག་རོ་བསྡུ་ཉོའི་ལས་ཀ་བྱེད་པའི་རིང་ལ་སྟེས་དབང་གིས་པ་སངས་མཆོག་པ་ངོ་ཤེས།

    དེ་ཡང་པ་སངས་མཆོག་པ་ནི་གྲོང་ཁྱེར་གྱི་གད་པ་ཞིག་ཡིན་ཞིང་། རྒྱུན་དུ་གཙང་སྦྲ་བྱེད་པའི་ཁྲོད་དུ་བསྡུ་རུབ་བྱས་པའི་ཤེལ་དམ་དང་། ལྕགས་ཀྲིན། ཤོག་སྒམ་སོགས་བསྡུ་རུང་བའི་ཅ་དངོས་ཡོད་ཚད་ལུང་ཧྲི་ཀྲུང་གི་སར་འཚོང་བར་འགྲོ་གི་ཡོད། དེ་ལྟར་ཡུན་རིང་སོང་རྗེས་ཕན་ཚུན་འདྲིས་པར་གྱུར་ཅིང་། རྗེས་སུ་ལུང་ཧྲི་ཀྲུང་གིས་ཉིན་གཉིས་གསུམ་ནས་རང་འགུལ་ངང་པ་སངས་མཆོག་པ་ལས་ཀ་བྱེད་ཡུལ་དུ་ཤེལ་དམ་དང་། ལྕཌ་ཀྲིན། ཤོག་སྒམ་སོཌ་ཉོ་བར་འགྲོ་གི་ཡོད། ཐེངས་ཤིག་ཁོ་གཉིས་དབར་ཤེལ་དམ་དང་ལྕགས་ཀྲིན་གྱི་ཁ་གྲངས་དོན་དུ་ཁ་རྩོད་ཤོར། ཡིན་ནའང་ཕན་ཚུན་གཤིབས་ནས་གང་འཚམ་སོང་བ་དང་རྒྱུས་མངའ་ངེས་ཅན་ཡོད་པས། ཁ་རྩོད་དེས་ཁོ་གཉིས་པོའི་འབྲེལ་བར་བར་ཆད་བྱུང་བ་ལྟ་ཅི། བརྩེ་དུང་གི་མྱུ་གུ་འབུས་འགོ་ཚུགས།

    ན་གཞོན་ཕོ་མོ་དེ་གཉིས་བར་གྱི་བརྩེ་དུང་ཟབ་པར་གྱུར་ཏེ། འཇིག་རྟེན་ཀུན་གྱི་འགྲོ་ལུགས་བཞིན་གཉེན་སྒྲིག་ལ་བསམ་གཞིག་བྱེད་པའི་དུས་ལ་བབ། དེ་དུས་བསམ་ཡུལ་ལས་འདས་པའི་བར་ཆད་ཆེན་པོ་ཞིག་འཕྲད་པ་ནི། པ་སངས་མཆོག་པའི་ཕ་མའི་སེམས་སུ་ལུང་ཧྲི་ཀྲུང་ནི་རྒྱ་རིགས་བློ་མཐུན་ཞིག་ཡིན་པས། རང་གི་བུ་མོ་དང་གཉེན་སྒྲིག་བྱས་ཚེ། གོམས་གཤིས་མི་གཅིག་པའི་དབང་གིས་རྗེས་སུ་འཚོ་བར་དཀའ་རྙོག་མང་པོ་ཕྲད་སྲིད་པ་དང་། སྡུག་ཉེས་ན་མཐུན་ཐབས་བྲལ་ནས་མི་ཚེ་མ་འཁྱོལ་བར་ཁ་ཡང་བྲལ་སྲིད་པས། དེ་ལྟར་ན་བུ་མོའི་མི་ཚེའི་འགྲོ་སྟངས་ཤོར་རྒྱུ་མ་ཟད། སེམས་སྡུག་ཆེན་པོ་བཟོ་སྲིད་སྙམ་ནས་གཉེན་སྒྲིག་ལ་མོས་མཐུན་མ་བྱས་པས། བརྩེ་བ་ཟབ་པའི་ན་གཞོན་ཕོ་མོ་གཉིས་པོའི་སེམས་ལ་སྡུག་བསྔལ་གྱི་མུན་པ་ཐིབ། ཡིན་ནའང་ལུང་ཧྲི་ཀྲུང་གི་སེམས་སུ། ང་རང་མི་རིགས་གཞན་ཞིག་ཡིན་པ་ཙམ་མ་ཟད། བུ་མོའི་ཕ་མ་གཉིས་ནས་ང་ལ་ད་དུང་ཆ་རྒྱུས་དེ་ཙམ་མེད་པས། ཁོ་ཚོས་ང་ལ་ལྟ་སྟངས་འདི་འདྲ་འཛིན་པར་ཁག་མི་འདུག ཡིན་ནའང་ང་དང་པ་སངས་མཆོག་པའི་བར་གྱི་བརྩེ་དུང་ནི་ལྷད་མེད་དྭངས་གཙང་ཞིག་ཡིན་སྟབས། རང་ཉིད་ནས་འབད་འབུངས་བརྩོན་ལེན་བྱས་ཚེ་མཐར་ཁོ་མོའི་ཕ་མ་གཉིས་པོས་མོས་མཐུན་བྱེད་སྲིད་སྙམ་པའི་ཡིད་ཆེས་བརྟན་པོས། རྟག་ཏུ་པ་སངས་མཆོག་པ་དང་མཉམ་དུ་ཁོ་མོའི་ཕ་མ་གཉིས་ཀྱི་ཁྱིམ་ལ་འགྲོ་བ་དང་། ཁོ་གཉིས་རྒན་འཁོགས་གཉིས་ལ་ལས་ཀར་རོགས་རམ་བྱེད་པ་མ་ཟད། ཞར་དང་ཞོར་ལ་རྒན་འཁོགས་གཉིས་པོར་ཁོ་པའི་ཕ་ཡུལ་གྱི་ཟས་རིགས་སྣ་ཚོགས་བཟོས་ནས་གང་ས་ཅི་ཐད་ནས་བསྙེན་བཀུར་སྲི་ཞུ་སྒྲུབ་ཀྱི་ཡོད། དེ་ལྟར་དུས་ཡུན་རིང་ཙམ་སོང་རྗེས། པ་སངས་མཆོག་པའི་ཕ་མ་གཉིས་ཀྱི་སེམས་སུ་། རྒྱ་རིགས་ཕོ་གཞོན་འདི་སེམས་པ་བཟང་ཞིང་ལས་ལ་བརྩོན་པ་དང་། ལྷག་པར་དུ་རྒན་འཁོགས་ལ་གུས་ཞབས་དང་སྲི་ཞུ་ཆེ་ཞིང་རང་གི་བུ་མོར་ལྷག་བསམ་བརྩེ་དུང་ཟབ་པ། ད་དུང་གཡོ་དང་ཁྲམ་པ་མི་ཤེས་པའི་མི་དྲང་པོ་དྲང་བཞག་ཅིག་འདུག་པས། བློས་འགེལ་ཆོག་པར་འདུག་བསམས་ཏེ། ཁོ་གཉིས་པོའི་གཉེན་སྒྲིག་ལ་མོས་མཐུན་གནང་བས། ན་གཞོན་ཕོ་མོ་དེ་གཉིས་ཀྱི་མིག་མཐའ་ལས་དགའ་སྤྲོའི་མཆི་མ་ལྷུང་ཞིང་། པ་སངས་མཆོག་པ་དགའ་དྲགས་པས་མིག་གིས་མཆི་མ་ཡང་ཕྱིད་ཁོམ་མེད་པར་ཨ་མར་དམ་དུ་འཐམས་ནས་འགྲམ་པར་འོ་ཞིག་བྱས། བུ་མོ་དང་བུ་མོའི་དགའ་རོགས་གཉིས་དགའ་སྣང་ཆེ་བའི་རྣམ་པ་དང་། བུ་མོས་ཨ་མར་འོ་བྱེད་པའི་ངང་ཚུལ་དེ་མཐོང་དུས། འཁྲིས་སུ་ཡོད་པའི་ཨ་ཕ་སེམས་འགུལ་དང་བཅས་མུ་མཐུད་ལྟ་མི་ཕོད་པར་གཡོལ་དེ་སོང་།

    པ་སངས་མཆོག་པ་དང་ཕ་མ་གཉིས་པོ་བློ་སེམས་བདེ་བའི་ཆེད། ལུང་ཧྲི་ཀྲུང་གིས་2004ལོར་རང་ཉིད་ཀྱི་ཐེམ་ཐོ་ཕ་ཡུལ་ནས་གཞིས་རྩེར་བསྒྱུར་བ་དང་། 2005ལོར་གཉེན་སྒྲིག་པས། ལྷད་མེད་བརྩེ་དུང་ཟབ་པའི་ན་གཞོན་གཉིས་པོ་རྒྱལ་ཁབ་ཀྱི་ཁྲིམས་དང་དམངས་ཀྱི་གོམས་སྲོལ་ཀུན་དང་མཐུན་པའི་བཟའ་ཚོར་གྱུར།

    ནམ་རྒྱུན་བཟའ་ཚོ་གཉིས་ནས་ཐོག་མར་ཕན་ཚུན་དགའ་པོ་དང་མཛའ་པོ་བྱེད་པའི་བརྒྱུད་རིམ་ལ་དྲན་གསོ་བྱེད་དུས། དྲན་པའི་ངོས་སུ་འདས་དོན་མང་པོ་ཞིག་རི་མོའི་ཚུལ་དུ་གསལ་ལྷང་ངེར་འཆར་ཏེ། སྐབས་རེ་སྐྱོ་སྣང་གིས་སྨིན་མ་སྟུག་པོ་དང་བཅས་མིག་ནང་མཆི་མ་འཁོར་བ་དང་། མཚམས་རེ་དགའ་སྣང་གིས་ངོ་གདོང་འཛུམ་གྱིས་གང་བས་མེ་ཏོག་བཞད་པ་བཞིན་དུ་མཛེས།

    ཉིན་ཞིག་གི་མཚན་མོར་པ་སངས་མཆོག་པར་གློ་བུར་ཨ་མའི་ཁ་པར་འབྱོར། ཁ་པར་ནང་ཨ་མས་ངུ་བཞིན་དུ་ཨ་ཕ་ནད་ཀྱིས་མནར་ཏེ་དྲན་པ་མི་གསལ་བས་ལམ་སེང་རོགས་པར་ཡོང་དགོས་ཟེར། དོན་དེ་ཤེས་རྗེས་ལུང་ཧྲི་ཀྲུང་དང་པ་སངས་མཆོག་པས་དགུན་དུས་ཀྱི་གྲང་ངར་ལ་མ་འཛེམས་པར་ལམ་སེང་མལ་ལས་ལངས་ཏེ་མྱུར་བར་ཕ་མ་གཉིས་པོའི་ཁྱིམ་གྱི་ཕྱོགས་སུ་རྒྱུགས། ཁྱིམ་དུ་སླེབས་དུས་ཨ་ཕར་གྲིབ་སྐྱོན་ཕོག་ནས་ལུས་པོའི་ཚོར་བ་ཉམས་ཤིང་བཙོག་གཅིན་ཡང་ཤོར་ཡོད་པས། བཟའ་ཚོ་གཉིས་ནས་ཨ་ཕའི་བཙོག་གཅིན་གཙང་མར་ཕྱིད་ནས་གྱོན་གོས་གཡོག་ནས་སྨན་ཁང་དུ་ཁྲིད་རྩིས་བྱས། ཡིན་ནའང་མཚན་མོ་འཕྱི་པོ་ཆགས་པ་དང་ཕ་མའི་ཁྱིམ་གྲོང་ཁྱེར་གྱི་མཐའ་ལ་ཡོད་པས། ཡུན་རིང་བསྒུགས་ཀྱང་རླངས་འཁོར་གཅིག་ཀྱང་རིག་རྒྱུ་མེད། རང་གི་བཟའ་ཟླ་དང་སྒྱུག་མོས་དངངས་འཚབ་ཆེན་པོ་བྱེད་པ་མཐོང་དུས། ལུང་ཧྲི་ཀྲུང་གི་སེམས་སུ་ད་དུང་མུ་མཐུད་བསྒུགས་ན་སྒྱུག་པོའི་སྲོག་ལ་ཉེན་ཁ་ཆེ་བསམས་ཏེ། སྒྱུག་པོ་སྒལ་པར་འཁུར་ནས་སྨན་ཁང་ལ་བསྐྱལ། ལམ་ཐག་རིང་ཞིང་ཨ་ཕ་གཟུགས་སྟོབས་ཆེ་བས་ཤིན་ཏུ་ལྕི་བའི་ཁར། སྒྱུག་པོར་གང་མགྱོགས་སྨན་བཅོས་ཐུབ་ཆེད། ངལ་གསོ་མེད་པར་བསྐྱོད་པའི་་དབང་གིས། སྨན་ཁང་དུ་སླེབས་དུས། གྲང་ངར་ཆེ་བའི་དགུན་དུས་སུའང་ལུང་ཧྲི་ཀྲུང་གི་ལུས་པོ་ཡོངས་རྔུལ་ཆུས་བརླན་ཞིང་། དཀའ་ལས་ཁག་ནས་རྐང་པ་གཉིས་པོའང་འདར་འཁྲུག་འཁྲུག་བྱེད།

    ཐོག་མར་སྨན་པ་ཚོས་རྒྱ་རིགས་ཕོ་གཞོན་ཞིག་ནས་བོད་རིགས་མ་སྨད་གཉིས་དང་མཉམ་དུ་དྲན་མེད་དུ་རྒྱལ་བའི་རྒད་པོ་ཞིག་སྒལ་པར་འཁུར་ཏེ་སྨན་ཁང་ལ་ཡོང་བ་མཐོང་དུས་ཡ་མཚན་པར་གྱུར། དེ་ནས་གནས་ཚུལ་ངོ་མ་ཤེས་རྗེས་ཁྱིམ་ཚང་ལ་མག་པ་ཡག་པོ་ཞིག་འབྱོར་འདུག་ཅེས་བསྔགས་བརྗོད་ཀྱིས་མཐེ་བོང་སྒྲེང་། དེ་ཙམ་མ་ཟད་ཨ་ཕ་སྨན་ཁང་དུ་སྨན་བཅོས་བྱེད་རིང་། ལུང་ཧྲི་ཀྲུང་གིས་སྒྱུག་པོར་རང་གི་སྐྱེས་པའི་ཕ་མ་ལྟར་ལྟ་སྐྱོང་བྱེད་ཅིང་། ཉིན་མཚན་མེད་པར་ནད་ཁང་དུ་བསྡད་དེ་སྒྱུག་པོར་ནད་གཡོག་རྒྱུག་པས། དུས་དེ་ནས་བཟུང་ཕ་མ་གཉིས་ནས་སྔོན་མ་ལྟར་ལུང་ཧྲི་ཀྲུང་གི་མིང་ནས་མི་འབོད་པར་བུ་ཞེས་འབོད་པ་མ་ཟད། ཁོ་པ་བུ་མོའི་མག་པར་མི་བརྩི་བར་རང་གི་ལུས་ནས་སྐྱེས་པའི་བུ་ལྟར་བྱམས་སྐྱོང་བྱེད་ཀྱི་ཡོད།

    ལུང་ཧྲི་ཀྲུང་གི་ཨ་མའིགཟུགས་གཞི་ཐང་པོ་དེ་ཙམ་མེད་པ་ཤེས་རྗེས། མ་གཞི་རང་ཉིད་ཀྱི་ཁྱིམ་ཚང་གི་ཆ་རྐྱེན་དེ་ཙམ་ལེགས་པོ་མེད་ཀྱང་། པ་སངས་མཆོག་པས་རང་ཉིད་ཀྱི་ཟས་གོས་ལ་གྲོན་ཆུང་བྱས་ཏེ། རྩ་ཆེའི་བོད་སྨན་དང་སྨན་རྩྭ། དེ་བཞིན་བོད་ཀྱི་དམིགས་བསལ་ཐོན་ཁུངས་སོགས་ཉོས་ཏེ་ཟླ་བོའི་ཁྱིམ་ལ་བསྐུར་གྱི་ཡོད་པས། ལུང་ཧྲི་ཀྲུང་གི་ཕ་མ་གཉིས་ནས་ཀྱང་རང་གི་བུའི་མནའ་མ་སྟེ། བོད་རིགས་ཀྱི་བུ་མོ་དེ་བྱམས་སེམས་ཆེ་ཞིང་། མི་ཚང་མར་བསམ་ཤེས་ཐུབ་མཁན་གྱི་མནའ་མ་ཡག་པོ་ཞིག་རེད་ཅེས་ཡུལ་མི་ཁྱིམ་མཚེས་ཀུན་ལ་ངོམ་པར་བྱེད།

    2006ལོར་ཁོ་གཉིས་པོའི་བརྩེ་དུང་གི་འབྲས་བུ་སྟེ་བུ་མོ་སྤེན་པ་ལྷ་མོ་མི་ཡུལ་འདིར་སླེབས། བུ་མོ་ནི་བཟའ་ཚོ་གཉིས་ཙམ་མ་ཟད་སྒྱུག་པོ་དང་སྒྱུག་མོའི་སྙིང་གི་ནོར་བུ་ཡིན་པས། ཚང་མས་བུ་མོར་རང་གི་སྙིང་ལྟར་བྱམས་སྐྱོང་བྱེད་ཅིང་། བུ་མོ་ཡོད་པས་ཁྱིམ་ཚང་ནང་རྟག་ཏུ་དགའ་བའི་འཛུམ་དང་སྐྱིད་པའི་དགོད་སྒྲ་རྫོགས་རྒྱུ་མེད་པར་བདེ་སྐྱིད་ཀྱི་རྣམ་པས་ཁེངས།

    འཚོ་བའི་གོམས་གཤིས་མི་འདྲ་བའི་དབང་གིས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་བཟའ་ཚོ་གཉིས་བར་ཁན་ནེ་ཁོན་ནེ་འདྲ་ཡོང་གི་ཡོད་པས། ཕན་ཚུན་བསམ་ཤེས་དང་མཐུན་ཐབས། དེ་བཞིན་ནང་མོལ་བྱས་ཏེ་ཕན་ཚུན་སེམས་གསོ་གཏོང་རེས་དང་ལས་ཀར་རྒྱབ་སྐྱོར་བྱེད་པས། བཟའ་ཚོ་གཉིས་དང་འཚམ་པའི་བདེ་སྐྱིད་ལྡན་པའི་འཚོ་བའི་ལམ་བུ་ཅིག་བརྙེད། དཀའ་ངལ་ཆེ་ཤོས་ནི་ཁོང་གཉིས་བཟའ་ཚོ་ཕན་ཚུན་དང་ཡང་སྒོས་ལུང་ཧྲི་ཀྲུང་དང་སྒྱུག་པོ་སྒྱུག་མོའི་དབར་སྐད་བརྡ་མི་འཕྲོད་པ་དེ་ཡིན་པས། ལུང་ཧྲི་ཀྲུང་གིས་སྙིང་རུས་ཆེན་པོས་བོད་སྐད་སྦྱོང་བ་དང་། པ་སངས་མཆོག་པས་རྒྱ་སྐད་སྦྱངས་ཤིང་། ཉིན་ལྟར་ཕན་ཚུན་བོད་སྐད་དང་རྒྱ་སྐད་ཚིག་ལྔ་རེ་སློབ་རྒྱུ་རྒྱུན་འཁྱོངས་བྱས་ཐོག ནམ་རྒྱུན་ཕན་ཚུན་རྒྱ་བོད་སྐད་གཉིས་ལ་བརྟེན་ནས་སྐད་ཆ་ཤོད་རེས་བྱེད་པས། ལོ་གཅིག་ཙམ་སོང་རྗེས་ལུང་ཧྲི་ཀྲུང་གིས་བོད་སྐད་བདེ་མོ་ཞིག་རྒྱག་ཐུབ་པ་དང་། པ་སངས་མཆོག་པས་ཀྱང་རྒྱ་སྐད་དེ་སྔ་ལས་ཡག་པ་ཤེས། དེ་ཙམ་ནས་བཟའ་ཚོ་ཕན་ཚུན་དང་དེ་བཞིན་བུ་མོའི་མག་པ་དང་ཕ་མ་སྤུན་མཆེད་ཚོའི་བར་གྱི་སྐད་བརྡ་མི་འཕྲོད་པའི་བྱ་དཀའ་བྱེད་གཏད་ཀྱི་རྣམ་པ་དགུང་གི་འཇའ་བཞིན་ཡལ། ཁྱིམ་ཚང་གི་བག་ཆགས་ཀྱིས་རྐྱེན་པས་བུ་མོ་ཆུང་དུས་ནས་རྒྱ་བོད་སྐད་གཉིས་ལ་བྱང་བས་སློབ་གྲྭ་འགྲིམ་དུས། སྐད་གཉིས་སློབ་གསོ་དང་ལེན་བྱས་པ་དང་། ཨ་མ་དང་མཉམ་དུ་བོད་སྐད་དང་ཨ་ཕ་དང་མཉམ་དུ་རྒྱ་སྐད་ཀྱིས་གཏམ་གླེང་བྱེད་པར་དགའ་ཞིང་། བུ་མོས་རང་གི་ཨ་ཕ་རྒྱ་རིགས་དང་ཨ་མ་བོད་རིགས་ཡིན་པ་གཟི་བརྗིད་དུ་སྙམ་གྱིན་ཡོད།

    ལུང་ཧྲི་ཀྲུང་གིས་ཟོག་རོ་བསྡུ་ཉོའི་ལས་ཀར་ཁེ་གཙང་དེ་ཙམ་མེད་པས། གྲོང་མི་ཨུ་ཡོན་ལྷན་ཁང་ནས་ཁོ་པ་གྲོང་ཚོའི་མི་རིགས་མཐུན་སྒྲིལ་གྱི་ལས་དོན་སྤེལ་དུ་བཅུག རྗེས་སུ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་འོས་སྦྱོར་འོག་ཡིག་རྒྱུགས་སྤྲད་པ་བརྒྱུད། དམངས་ཕན་ཉེན་རྟོག་ས་ཚིགས་ཀྱི་ལས་རོགས་ཉེན་རྟོག་པ་ཞིག་ལ་གྱུར། ལུང་ཧྲི་ཀྲུང་ནས་སྲིད་གཞུང་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་རེ་བ་ཆུད་ཟོས་སུ་མ་བཏང་བར། མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡིན་ནའང་འདྲ། ཡང་ན་རྗེས་སུ་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ལས་དོན་སྒྲུབ་པའི་སྐབས་སོགས་གང་གི་དུས་སུའང་སྙིང་རུས་ཆེན་པོས་རང་གི་ལས་སྒོར་བརྩོན་ཞིབ་བྱེད་པ་མ་ཟད། རྒྱ་བོད་སྐད་རིགས་གཉིས་ཀ་ཤེས་པའི་དགེ་མཚན་འདོན་སྤེལ་གྱིས། རྒྱ་རིགས་བློ་མཐུན་ཡོད་སར་རྒྱ་སྐད་དང་བོད་རིགས་མང་ཚོགས་ཡོང་སར་བོད་སྐད་བཤད་དེ་སེམས་ཆུང་ངང་མང་ཚོགས་ལ་ཞབས་འདེགས་ཞུ་གི་ཡོད་པས། རྒྱ་བོད་སུ་འདྲ་ཞིག་ཡིན་ཡང་ཚང་མས་ཁོང་གི་ལས་ཀའི་འགན་སེམས་དང་། ལས་སྒོའི་བྱང་ཚད། ཞབས་ཞུའི་རྣམ་འགྱུར་སོགས་ལ་མཐེ་བོང་ཀེར་ནས་བསྔགས་བརྗོད་བྱེད་ཀྱི་ཡོད།

    དེ་ལྟར་ལུང་ཧྲི་ཀྲུང་དང་པ་སངས་མཆོག་པའི་མི་རིགས་མི་འདྲ་བའི་གཉེན་སྒྲིག་ཙམ་མ་ཟད། གཉེན་སྒྲིག་བྱས་པ་བརྒྱུད་བདེ་སྐྱིད་དང་འཆམ་མཐུན་ལྡན་པའི་འཚོ་བ་སྐྱེལ་བའི་གཏམ་རྒྱུད་ལས། མི་རིཌ་མཐུན་སྒྲིལ་དང་ལྷག་པར་དུ་མི་རིགས་མི་གཅིག་པའི་དབར་ཁྱིམ་གཞིས་མཉམ་སྐྲུན་བྱེད་པར་མིག་དཔེའི་ནུས་པ་ཆེན་པོ་ཐོན་གྱི་ཡོད་པས། སྲིད་གཞུང་ནས་ཁོ་ཚང་ལ་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་གཟེངས་བསྟོད་ཀྱང་གནང་།

    འོན་ཀྱང་ད་དུང་རང་ལ་དབང་བའི་སྡོད་ཁང་ཞིག་མེད་པ་ནི་བཟའ་ཚོ་གཉིས་པོའི་ཕྲག་སྟེང་གི་ཁུར་པོ་ལྕི་པོ་ཞིག་ཡིན་པ་མ་ཟད། རྟག་ཏུ་སེམས་ཁྲལ་ཡང་སེ་ཡོང་གི་ཡོད། ཡུན་རིང་ཁང་གླ་གཡར་ཏེ་སྡོད་དགོས་དུས་སྡོད་ཁང་གི་ཆ་རྐྱེན་ཞན་ལ། གུ་དོག་པ་དང་ཡང་སེ་སྤོ་དགོས་ཀྱི་ཡོད། བཟའ་ཚོ་གཉིས་པོའི་དོན་དངོས་གནས་ཚུལ་ལམ་དཀའ་ངལ་ལ་གཞིགས་ཏེ། 2012ལོར་སྲིད་གཞུང་ནས་ཁོ་ཚང་ལ་རྒྱ་ཆེ་ཞིང་དཀར་ཆ་དོད་པའི་ཁང་གླ་ཁེ་བའི་སྡོད་ཁང་གནང་བས། ཡུན་རིང་གི་སེམས་ནད་དེ་དགུང་གི་འཇའ་བཞིན་ཡལ་ནས། ཁྱིམ་དུ་རྟག་ཏུ་ཕ་མ་བུ་ཕྲུག་ཚོའི་དགའ་སྤྲོའི་དགོད་སྒྲ་དང་བཅས་གསོན་ཤུགས་རབ་ཏུ་རྒྱས་ཤིང་། འབྱུང་གྱུར་གྱི་འཚོ་བར་སྔར་བས་ཡིད་ཆེས་ཀྱིས་ཁེངས།

    གསེར་ཀོང་མར་ཁུས་གང་བའི་དཔེ་ལྟར་ན་ནིང་བུ་མོ་སྤེན་པ་ལྷ་མོ་སློབ་ཆུང་ནས་ཅི་ནན་སློབ་འབྲིང་དུ་རྒྱུགས་འཕྲོད། ཡིན་ནའང་ལུང་ཧྲི་ཀྲུང་གི་སེམས་སུ་བློ་འགྱོད་ཆེན་པོ་ཞིག་ཡོད་པ་ནི། ཁོ་རང་གཞིས་རྩེར་སླེབས་ནས་མི་ལོ་བཅུ་དགུ་ལྷག་ཙམ་སོང་ཡང་། ད་བར་ཕ་ཡུལ་དུ་གཉེན་ཕྲད་ལ་ཐེངས་འགའ་ལས་འགྲོ་མྱོང་མེད་ལ། ཡང་སྒོས་ད་བར་རང་གི་བཟའ་ཟླ་དང་བུ་མོ་མཉམ་དུ་ཕ་ཡུལ་ལ་ཐེངས་གཅིག་ཀྱང་འགྲོ་མྱོང་མེད་པ་དེ་རེད།

    འདི་ལོའི་དགུན་ཁའི་གུང་གསེང་དང་བསྟུན་ཏེ། ལུང་ཧྲི་ཀྲུང་དང་བཟའ་ཟླ། བུ་མོ་བཅས་གནམ་གྲུར་བསྡད་དེ་དགའ་དགའ་སྤྲོའི་སྤྲོའི་ངང་ཀན་སུའུ་ལ་གཉེན་ཕྲད་ཀྱི་ལམ་ལ་ཞུགས།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397127991