བོད་ལྗོངས།
ཕ་མའི་བསླབ་བྱ།

    —— མི་དེ་ལ་རེ་མི་དགོས་པ་དང་། ལམ་དེ་ལ་འགྲོ་མི་དགོས་པ་མེད།

    དབུ་རུ་དོན་འདུར།

    ང་ཚོ་ཆུང་དུས་རྫ་ལ་བཏང་ནས་སྒོར་སྒོར་དུ་སྡོད་པའི་སྐབས་སུ། པཱ་ལགས་ཀྱིས་ཀུ་རུ་ཡོག་བཞིན། ཨ་མ་ལགས་ཀྱིས་ལུག་བལ་གསེད་བཞིན། ང་ཚོར་བླང་དོར་གནས་ལ་འཇུག་ལྡོག་ཕྱིན་ཅི་མ་ལོག་པ་དགོས་པའི་བསླབ་བྱ་མང་པོ་ཞིག་གནང་བ་དང་། ཁོང་རྣམ་གཉིས་ཀྱིས་ང་ཚོར་མི་ལ་སྐད་ཆ་ཤོད་སྟངས་དང་། ཕན་ཚུན་འབྲེལ་བ་བྱེད་སྟངས་བསླབས་པ་མ་ཟད། མི་གཞན་ལ་བརྩི་འཇོག་ཇི་ལྟར་བྱེད་དགོས་པ་དང་། གུས་བཀུར་གང་འདྲ་བྱེད་དགོས་མིན་གྱི་ཐད་ནས་སློབ་གསོ་ཟབ་མོ་བསྐྱོན་གྱི་ཡོད།

    ཕ་མ་གཉིས་པོས་རྟག་ཏུ་མི་གང་འདྲ་ཞིག་ཡིན་རུང་། དེ་ལ་མཐོང་ཆུང་དང་སྣང་མེད་གཏན་ནས་བྱེད་མི་རུང་བར། ཡ་རབས་གུས་ཞབས་ཀྱི་རྣམ་འགྱུར་ཐོག་ནས། འབྲེལ་ལམ་བཟང་པོ་རྒྱུན་འཁྱོངས་བྱེད་དགོས་པའི་བསླབ་བྱ་ཡང་ཡང་བསྐྱོན་པ་མ་ཟད། མི་དེ་ལ་རེ་མི་དགོས་པ་དང་། ལམ་དེ་ལ་འགྲོ་མི་དགོས་པ་མེད་ཅེས་པའི་གཏམ་དཔེ་འདི་ཡང་ཡང་གསུངས་ཀྱི་ཡོད།

    ཀ

    མི་ནི་ངོ་མ་ཕན་ཚུན་བལྟོས་ནས་འཚོ་བའི་ཁྱུ་སྡོད་སྲོག་ཆགས་ཀྱི་རིགས་ཤིག་ཡིན་པ་དང་། མི་དང་མིའི་དབར་ལ་ཕན་ཚུན་བསམ་གཞིག་དང་བརྩི་འཇོག ཡིད་ཆེས་དང་བློས་འགེལ། བཟོད་སྒོམ་དང་ཁོག་ཡངས་བྱེད་རྒྱུ་ནི། རང་ཉིད་ཚུད་པའི་མཐའ་འཁོར་གྱི་མི་ཚང་མར་བདེ་སྐྱིད་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་བསྙོན་མེད་ཅིག་རེད་ཨང་།

    གལ་ཏེ་ཕན་ཚུན་བསམ་གཞིག་བྱེད་རེས་མེད་པ་དང་། བརྩི་འཇོག་མི་བྱེད་པ། ཡིད་ཆེས་མེད་ཅིང་བློས་མི་འགེལ་བ། བཟོད་སྒོམ་མི་བྱེད་ལ། ཁོག་ཡངས་དཀྱེལ་ཆེ་མ་བྱས་ན། ཉིན་ལྟར་ཐུག་འཕྲད་ཡོང་བའི་སྐབས་ཀྱི་རྣམ་འགྱུར་ཚང་མ་གྲང་ཤུར་ཤུར་ཡིན་ངེས་པ་དང་། ཁེ་གྱོང་ཕྲ་མོའི་དོན་དུ་ཕན་ཚུན་རྩོད་པ་ཤོར་སྲིད་ཅིང་། དེ་ལ་བརྟེན་ནས་རང་གཞན་ཚང་མར་བདེ་སྐྱིད་ཀྱི་ཚོར་སྣང་ཞིག་ཡེ་ནས་ཡོང་མི་སྲིད།

    སྤྱི་ཚོགས་ཉིན་རེ་ལས་མ་འདས་པར་འཕེལ་རྒྱས་འགྲོ་་བ་དང་བསྟུན་ནས་མི་ཚང་མའི་འཚོ་བའི་ཆུ་ཚད་ཀྱང་ཉིན་རེ་ལས་མ་བསྡད་པར་མཐོ་རུ་སོང་བ་དང་། མི་སྒེར་གྱི་ཆ་རྐྱེན་ཡང་རིམ་བཞིན་ཇེ་ལེགས་ནས་ཇེ་ལེགས་སུ་སོང་བས། ཕན་ཚུན་དབར་གྱི་ཐད་ཀའི་འབྲེལ་བ་ཡང་རང་བཞིན་གྱིས་ཉུང་དུ་འགྲོ་བ་ལྟ་བུར་སྣང་ལ། ཕན་ཚུན་དབར་ཅ་དངོས་གཡར་རེས་དང་འཚོ་བའི་མཐུན་རྐྱེན་གཞན་མཁོ་འདོན་་བྱེད་རེས་ཀྱི་རྣམ་པ་ཉུང་དུ་འགྲོ་བ་ལྟ་བུར་སྣང་ཞིང་། མི་དང་མིའི་དབར་གྱི་མཛའ་མཐུན་རོགས་རེས་ཀྱི་རྣམ་པ་བཟང་པོ་དེ་ཉིད་རིམ་བཞིན་ཉུང་དུའམ་རྒྱང་དུ་འགྲོ་བ་ལྟ་བུར་སྣང་བས། མི་མང་པོ་ཞིག་གི་བསམ་བློའི་ནང་དུ་རེ་མི་དགོས་ན་བསྟུན་མི་དགོས་པའི་འདུ་ཤེས་ཤིག་ཀྱང་སྐྱེ་འགོ་ཚུགས་པས། དེས་མི་དང་མིའི་དབར་གྱི་འབྲེལ་ལམ་བཟང་པོར་ཤུགས་རྐྱེན་ངན་པ་བཟོ་ངེས་རེད།

    ཁ

    མི་དང་མིའི་དབར་ལ་ཕན་ཚུན་བརྩི་འཇོག་དང་བསམ་གཞིག་བྱེད་རེས་མེད་ན། མི་དང་མིའི་དབར་གྱི་སེམས་ཀྱི་བར་ཐག་རིང་དུ་ནས་རིང་དུ་འགྲོ་སྲིད་ཅིང་། སེམས་ཀྱི་བར་ཐག་རིང་དུ་སོང་ཚེ། གུ་དོག་པའི་འཚོ་བའི་ཁོར་ཡུག་ནས། ཡང་ཡང་འཕྲད་ན་ཡང་ཕན་ཚུན་དགའ་སྣང་གི་བསམ་པ་མེད་པར། མཐོང་མི་འདོད་པའམ་བློ་ལ་མ་སོང་བར་རྣམ་འགྱུར་གྲང་ཤུར་ཤུར་སྟོན་རེས་བྱེད་ངེས་པ་དང་། ཐ་ན་སྐད་ཆའི་ཚིག་ཁ་མཐོ་དམན་ཅུང་ཟད་ཙམ་ལའང་འཛིང་རེས་དྲག་པོ་ཐུག་སྟེ། མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་ཐོན་སྲིད་ཅིང་། དེ་ལ་བརྟེན་ནས་ཕན་ཚུན་གཉིས་ཀར་སྡུག་བསྔལ་མང་པོ་ཡོང་སྲིད།

    འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མྱུར་དུ་སོང་བ་དང་བསྟུན་ནས་མི་རྣམས་ཀྱི་རང་བརྩིའི་བསམ་པ་ཡང་ཇེ་ཆེར་འགྲོ་བ་དང་། གལ་ཏེ་རང་ཉིད་ཀྱི་མཚན་སྙན་གྲགས་དང་ཐོབ་གོ་ས། རྒྱུ་དཔལ་འབྱོར་སོགས་ལ་ཕོག་ཐུག་ཕྲ་མོ་ཙམ་ཤོར་ན་ཡང་། རབ་ཏུ་ཁྲོས་ཏེ། ཕན་ཚུན་དབར་བསམ་ཤེས་དང་བརྩི་འཇོག་བྱེད་རྒྱུ་ལྟ་ཅི། ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་པའི་སྣང་ཚུལ་མང་པོས། མི་དང་མིའི་དབར་གྱི་འབྲེལ་བ་ལ་ཤུགས་རྐྱེན་ངན་པ་བཟོ་སྲིད།

    མི་ཁག་གཅིག་གིས་སྤྱི་དོན་གྱི་ཆེད་དུ་དང་། ཚོགས་མི་ཡོངས་ཀྱི་ཆེད་དུ། དམངས་ཀྱི་ཆེད་དུ་ཞེས་སྐད་ཆ་ཆེན་པོ་དེ་འདྲ་ཤོད་རྒྱུར་དགའ་མོད། དོན་ངོ་མར་དེ་ལས་ལྡོག་སྟེ་རང་ཉིད་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པ་དང་། རང་དོན་གཙོ་བོ་དོན་གཉེར་བྱས་ཚེ། གཞན་སུས་ཀྱང་མི་དེ་རིགས་ལ་ཡིད་ཆེས་བྱེད་མཁན་ཉུང་ལ། བརྩི་འཇོག་ཀྱང་ཐོབ་ཀྱི་མེད་པས། དེའི་གཡས་གཡོན་དུ་མི་གང་འདྲ་ཞིག་ཡོད་ན་ཡང་། ཁ་ཞེ་གཉིས་མེད་ཀྱི་འབྲེལ་ལམ་བཟང་པོ་ཞིག་ཡོང་མི་སྲིད།

    ག

    མི་ཁག་གཅིག་གིས་རྫུན་ཤོད་པ་དང་། སྤྲེལ་ལད་འཁྲབ་པ། རྒྱུ་དངོས་པོས་བསླུ་བྲིད་བྱེད་པ་སོགས་གཡོ་སྒྱུ་ཁྲམ་གསུམ་ལ་བརྟེན་ནས་རང་དོན་ཁོ་ན་བསྒྲུབས་ཏེ། ད་དུང་ཡང་མི་གཞན་ལ་སྐུལ་སློང་གི་ཚུལ་དུའམ་རང་ཉིད་ཀྱི་བྱེད་སྟངས་འགྲིག་ཡོད་པའི་ཚུལ་དུ“རང་དོན་འགྲུབ་ན། ཆ་ལུགས་ངན་ཡང་ངན”ཞེས་སྤོབས་པ་དང་བཅས་ཏེ་བརྗོད་ཀྱི་ཡོད། དོན་དུ་དེས་རྐྱེན་པས་རང་གི་དོན་ཡང་ཤོར་འགྲོ་བ་སྟེ། ལས་ངན་དེ་རིགས་བྱས་པའི་རྗེས་ནས་བཟུང་། ཁྱོད་ལ་ཡིད་ཆེས་དང་བློས་འགེལ་བྱེད་མཁན་མེད་པར་གྱུར་འགྲོ་ལ། ཁྱོད་དང་གཞན་གྱི་འབྲེལ་ལམ་དེ་ཡང་རིམ་བཞིན་ཕན་ཚུན་དོགས་པ་དང་ཐེ་ཚོམ་དུ་འགྱུར་འགྲོ་སྲིད།

    རང་དོན་ག་ཚོད་ཕུན་སུམ་ཚོགས་པར་གྲུབ་ན་ཡང་། རང་ཉིད་འཚོ་སྡོད་བྱེད་སའི་ཁོར་ཡུག་ཏུ། རང་ལ་ཡིད་ཆེས་དང་མཛའ་འབྲེལ་གྱི་དྲོ་སྐྱིད་འོད་སྣང་མ་ཕོག་ན། རྒྱུ་འབྱོར་བ་དང་ཐོབ་གོ་ས་ག་ཚོད་ཡོད་ཀྱང་། དོན་ངོ་མའི་བདེ་སྐྱིད་མྱོང་བར་དཀའ་ཞིང་། མི་ཚོགས་ཀྱི་རྒྱ་མཚོའི་ཀློང་དུའང་རང་ཉིད་གྲོགས་མེད་ཁེར་རྐྱང་དུ་ལུས་སྲིད།

    དེ་ཡང་འཛམ་གླིང་གི་ས་ཕྱོགས་གང་སར་རྒྱུ་འབྱོར་པས་རབ་ཏུ་ཕྱུག་ཀྱང་། སེམས་བསམ་པ་སྟོང་ལྷང་ངེར་ལུས་པས། རང་ཤི་རྒྱག་མཁན་ཡང་མི་ཉུང་བ་ཡོད་པའི་རྒྱུ་མཚན་ཡང་། གྲོགས་མེད་ཁེར་རྐྱང་གི་སྡུག་བསྔལ་མ་བཟོད་པས་ཡིན་སྲིད།

    དེར་བརྟེན། དྲིན་ཆེན་ཕ་མའི་བསླབ་བྱ་ལྟར། མི་དེ་ལ་རེ་མི་དགོས་པ་དང་། ལམ་དེ་ལ་འགྲོ་མི་དགོས་པ་མེད་པས། ངེས་པར་དུ་མི་ཚང་མར་མཐུན་སྒྲིལ་བྱེད་རྒྱུ་ནི། རང་གཞན་ཚང་མར་བདེ་སྐྱིད་ཐོབ་པའི་སྔོན་འགྲོ་མེད་དུ་མི་རུང་བ་ཞིག་རེད་ཨང་སྙམ།

    ང

    སྙིང་ནས་ཡང་ཡང་དྲན་པའི་ཨ་མ་ལགས། ནམ་ཡང་བརྗེད་པར་དཀའ་བའི་ཨ་ཕ་ལགས། ཁྱེད་གཉིས་ཀྱིས་ང་ཚོར་བཞག་པའི་མི་གཤིས་ཀྱི་བསླབ་བྱ་དེ་དག་དང་། ཁྱེད་གཉིས་པོའི་ཉམ་ཆུང་ཡ་རབས་ཀྱི་ཀུན་སྤྱོད་བཟང་པོས། ང་ཚོའི་མི་ཚེ་ལ་འོད་སྣང་བསྩལ་ཅིང་། ཁྱེད་གཉིས་ཀྱིས་གནང་བའི་བཟོད་སྒོམ་གྱི་མན་ངག་དང་། མི་གཞན་ལ་བསམ་གཞིག་བྱེད་དགོས་པའི་བསམ་བློའི་རྒྱགས་ཕྱེས། ང་ཚོར་ཡང་མཐུན་སྒྲིལ་གྱི་མེ་ཏོག་བཞད་ཅིང་མཛའ་མཐུན་གྱི་བུང་བ་ལྡིར་ལྡིར་དུ་འཁོར་བཞིན་མཆིས།

    བརྩེ་བའི་ཡབ་ཡུམ་ལགས། ད་ནི་ང་རང་ལང་ཚོའི་ཁོ་ལག་རབ་ཏུ་རྒྱས་ཤིང་བསམ་བློའི་ཐད་ནས་ཀྱང་འཚར་ལོངས་ཡོང་འགོ་ཚུགས་པ་དང་། བརྩེ་བའི་ཕ་མ་གཉིས་དང་། དགེ་བའི་བཤེས་གཉེན་སོགས་ཀྱི་བཀའ་དྲིན་ལས། ང་རང་ལ་བཟོད་སྒོམ་དང་དཀྱེལ་ཡངས་ཀྱི་ཁོག་རྒྱ་ཞིག་བྱུང་ཞིང་། རིམ་པས་ང་རང་ཡང་ཁྱེད་ཚོ་དང་འདྲ་བར། མི་གཞན་མཐོ་སར་བཞག་ནས་རང་ཉིད་ཀྱིས་དམའ་ས་བཟུང་བ་དང་། ལས་ཀ་གང་ཞིག་ཡིན་ན་ཡང་མི་གཞན་ལ་བསམ་གཞིག་དང་། བརྩི་འཇོག་བྱེད་ཤེས་པ་མ་ཟད། ལྷག་པར་དུ་རང་ལ་སྡང་སེམས་དང་གནོད་འཚེ་བྱེད་མཁན་ལ་དེ་བས་ཀྱང་བསམ་ཤེས་དང་བཟོད་སྒོམ་བྱས་ཏེ་འབྲེལ་ལམ་བཟང་པོ་རྒྱུན་འཁྱོངས་བྱེད་པའི་གཤིས་རྒྱུད་ཅིག་བྱུང་།

    ད་ཆ་ང་ནི་སྔོན་མ་ནང་བཞིན་ཤོ་སྦག་ཆང་རག་གི་རྒྱ་མཚོར་ཞུགས། ཞེ་སྡང་ང་རྒྱལ་གྱི་མེ་ལྕེ་འབར། ཁྲོ་གཏུམ་ངང་ཐུང་གི་མི་སྐད་ཅོར་ཚ་པོ་དེ་མ་ཡིན་པར། གྲོགས་ལས་རོགས་ཐམས་ཅད་འཛུམ་གྱིས་བསུ་ཞིང་། རང་གཞན་ཚང་མར་ཕན་ཏིལ་འབྲུ་ཙམ་ཞིག་ཨེ་ཐོགས་ལ་རེ་བ་དང་། གནོད་ཡུངས་འབྲུ་ཙམ་ཞིག་སྐྱེལ་དོགས་འཛེམ་ཟོན་བྱེད་མཁན་ཞིག་ཡིན་པས། བརྩེ་བའི་ཡབ་ཡུམ་ལགས། སེམས་ཁྲལ་མ་གནང་རོགས། དེས་རྐྱེན་པས་ང་ལ་ཡང་གྲོགས་བཟང་པོ་ཉི་མ་ཟླ་བ་འདྲ་བ་དང་། ལས་རོགས་བཟང་པོ་གསེར་སེར་པོ་འདྲ་བ་མང་དག་ཡོད་པས། དྲིན་ཅན་ཡབ་ཡུམ་གཉིས་ནས་ནམ་ཡང་བདག་ལ་སེམས་ཁྲལ་མ་གནང་རོགས། ནམ་ཡང་བདག་ལ་ཐུགས་ཁྲལ་མ་བསྐྱོན་རོགས།

    མི་ཚོགས་ཀྱི་རྒྱ་མཚོ་ལགས། ང་ཚོ་གང་དུ་སུ་དང་འགྲོགས་ན་ཡང་། ངང་རྒྱུད་རིང་ལ་བྱམས་བརྩེ་ལྡན་པ་དང་། གཤིས་ཀ་བཟང་ཞིང་བཟོད་སྒོམ་ཆེ་བར་མཛོད།

    ང་ཚོ་ནི་བདེ་སྐྱིད་འཚོལ་བའི་མི་བུ་ཁྱུ་གཅིག་ཡིན་པས། ད་ནས་བླུན་རྟགས་མ་བསྟན་པར། ཀུན་དང་མཐུན་པའི་རྩ་ཆེའི་མན་ངག་དེ་ཚོ་བློ་ལ་ངེས། དཔེར་ན། མི་དེ་ལ་དེ་བརྟེན། རྫ་ཁ་ལ་ལུང་ལྡན། མི་དེ་ལ་རེ་མི་དགོས་པ་དང་ལམ་དེ་ལ་འགྲོ་མི་དགོས་པ་མེད། དབྱར་ལམ་ནས་མ་མཇལ་རུང་། དགུན་ལམ་ནས་མཇལ་ཡོང་། གཞན་ལ་བསམ་གཞིག་བྱས་ན། རང་ལ་བརྩི་འཇོག་ཐོབ་ཡོང་ཟེར་བ་ལྟ་བུའི་མན་ངག་གསེར་གྱི་སྒྲོན་མེ་ལྟ་བུ་འདི་རིགས་ལ་སློབ་སྦྱོང་ཉམས་ལེན་གནོངས་དང་ཕན་པ་ཆེའོ།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397747621