བོད་ལྗོངས།
བྱིས་དུས་དང་རྩེད་གྲོགས།

    ཚེ་རིང་བུ་ཁྲིད། དབྱར་མཇུག་ཅིག་ལ། ངས་ཁྱེད་རང་མིག་གིས་འཚོས་ཤིང་སེམས་ཀྱིས་སྒོམ་གྱིན་ཡོད། ནམ་དུས་འདི་ལ་ངས་དཀར་པོར་གྱུར་བའི་མགོ་སྐྲར་བྱིལ་བྱིལ་གྱིས། རྒྱབ་ཏུ་ལུས་པའི་ལོ་ཟླ་མང་པོ་ཕྱིར་ཟློག་མེད་པའི་ཆུ་མོའི་རྒྱུག་ཕྱོགས་ལྟར་ཡིན་པ་ཤེས་དུས། དྲན་པའི་གཏིང་རིམ་ན་འོད་དུ་འཚེར་བའི་བྱིས་དུས་ཀྱི་ལོ་ཟླར་དྲན་གསོ་དང་རྒྱང་མཇལ་ཞུ་གིན་ཡོད།

    ཚེ་རིང་བུ་ཁྲིད། ངའི་བྱིས་དུས་ཀྱི་རྩེད་གྲོགས་ཡག་པོ། ཐལ་རྩེད་ཁྲོད་ཀྱི་ཁྱེད་རང་དྲན་དུས། འཇིག་རྟེན་མི་ཚེ་སྒྱུ་མར་འཁྲུལ་སོང་། ཁྱེད་ཀྱི་སྐྲ་ལོ་བཞིན་རིང་པོར་སྙམ་པའི་འཇིག་རྟེན་མི་ཚེ། དོན་དུ་ང་རང་གི་མགོ་སྐྲ་བཞིན་ཐུང་ཐུང་ཞིག་ལས་མི་འདུག སྐད་ཅིག་སྐད་ཅིག་ལ་ཡལ་བའི་ལང་ཚོའི་མཛེས་པ། གླེང་ཁོམ་མེད་པར་འཇའ་ཚོན་བཞིན་ཡལ་ཟིན་དུས། ཕྱིར་ཟློག་མེད་པའི་མི་ཚེ་དང་ལང་ཚོ། དྲན་པའི་གཏིང་སར་དཔྱིད་འགོའི་མེ་ཏོག་བཞིན་ཧ་ཅང་སྙིང་དུ་སྡུག་ཨང་།

    ཆུང་དུས་སུ། བྱིས་བློ་ཅན་གྱི་ཁྱེད་དང་ང་ཚོས། རྩེད་ར་ཆུང་ཆུང་མི་ཚེའི་གནས་མལ་དུ་བྱས་ཏེ། རྡོ་ཆུང་གྲུ་བཞིས་ཁང་ཆུང་ཞིག་བརྩིགས་ཆོག་ལ། རྡོ་ཧྲུག་དང་། ཤིང་ཧྲུག སྤང་རྩྭ་མང་པོ་ཁྱིམ་གཞིས་སྐྱོང་བའི་རྟ་ནོར་ལུག་ཁྱུ་དང་ཁྱི་ཞིམ་དུ་བྱས་ཆོག་ཅིང། ཤེལ་ཧྲུག་དང་རྫ་ཧྲུག་དེ་ཚོ། ཁ་ཕོར་འོ་ཟོ་དང་ཆུ་ཟོམ་དུ་བྱས་ཆོག ད་དུང་། དགུན་དུས་སུ་སྐྱ་ལྷེབ་ལྷེབ་ཏུ་བབས་པའི་ཁ་བའི་འདབ་མ་ཀ་ར་བུ་རམ་བྱས་ཆོག་ལ། དབྱར་གྱི་རྩི་ཤིང་དང་ལོ་འདབ་དེ་ཚོ་སྔོ་ཚལ་དང་ཁ་ཟས་ཀྱང་བྱས་ཆོག་པས། དེ་དུས་བྱིས་བློས་བཞེངས་པའི་ང་ཚོའི་ཁྱིམ་གཞིས་དེ་འབྱོར་ཕྱུག་མངའ་ཐང་ལྡན་པའི་ཁྱིམ་ཚང་ཞིག་མ་རེད་དམ།

    ཚེ་རིང་བུ་ཁྲིད། བརྗེད་དུ་མེད་པའི་རྩེད་ར་མཚར་པོ་དེའི་ནང་། ཁྱེད་རང་ནི་ལས་ལ་བརྩོན་ཞིང་བཟའ་ཟླ་བུ་ཕྲུག་ལ་བྱམས་པའི་ཨ་མ་ཡག་པོ་ཞིག་རེད་ལ། ང་རང་ཡང་དཔའ་དང་བློ་རིག་ཅན་གྱི་ཨ་ཕ་བཟང་པོ་ཞིག་རེད། ད་དུང་ལྷ་མོ་དང་། དབྱངས་ཅན། བཀྲ་ཤིས་སོགས་འུ་གཉིས་ཀྱི་བུ་དང་བུ་མོ་དེ་དག་དང་། ནོར་བུ་དང་བསྟན་པ་སོགས་ང་ཚོའི་ཁྱིམ་མཚེས་སུ་འབོད་པའི་རྩེད་གྲོགས་དེ་དག ཡར་ལ་འཚར་རྗེས་ད་ལྟ་ཁྱིམ་གཞིས་ཆུང་ངུ་རེ་རེའི་བདག་པོ་ཆགས་ཡོད་ཨང་། ཆུང་དུས་སུ། ང་ཚོས་སྣབས་ལུད་འཛར་བཞིན་དགོད་ཀྱིན་དགོད་ཀྱིན་གངས་རྩེད་རྩེ་ཆོག་ལ་གངས་མི་ཡང་བཟོ་ཆོག བེའུ་སྐྱ་ཁྲ་དང་ལུ་གུ་མགོ་ནག་ལ་བཞོན་ཆོག་ལ། ཞི་མི་དཀར་ཆུང་དང་ཁྱི་གུ་ནག་རིལ་ལ་རྩེད་ཆོག ཐལ་རྩེད་དང་འདམ་རྩེད་ལ་གཡེང་ཆོག་ལ། ཐེབས་པད་དང་ཐག་མཆོང་རྩེད་ཆོག འཁྱག་ཤུར་དང་ཆུ་རྐྱལ་ལ་རོལ་ཆོག་ལ། གླུ་གཞས་དང་ཁ་ཤག་ཀྱང་འགྲན་ཆོག གབ་རེས་ཡིབ་རེས་བྱས་ཆོག་ལ་གངས་དམག་དང་སྤང་དམག་ཡང་བརྒྱབ་ཆོག ད་དུང་ཡང་དེང་དུས་ཀྱི་བྱིས་པ་ཚོས་མཐོང་མྱོང་དང་རྩེད་མྱོང་མེད་པའི་རྩེད་མོ་མང་པོ་ཞིག་རྩེད་ཆོག་ཨང་།

    ཚེ་རིང་བུ་ཁྲིད། ངའི་སློབ་ཆུང་གི་སྡོད་རོགས་གཅིག་གི་སློབ་གྲོགས་བཟང་པོ། ད་དུང་ནོར་བུ་དང་བསྟན་པ་སོགས་སློབ་སྒོ་མཉམ་དུ་འགྲིམས་པའི་སློབ་གྲོགས་དེ་དག སློབ་ཁང་ནང་དུ་གཅིག་རོགས་གཅིག་གིས་དབྱངས་གསལ་གྱེར་ཀློག་ལ་བརྩོན་ཞིང་། སློབ་གསེང་དུ་གཅིག་རྗེས་གཅིག་གིས་དེད་དེ་རྩེད་འཇོར་གཡེང་ལ། གཞན་དང་རྩོད་དུས་གཅིག་རྒྱབ་གཅིག་གིས་ལངས་ཏེ་རྒྱལ་ཕམ་རྩོད་ཅིང་། ངའི་སྙིང་ལ་ཉེ་བའི་རྩེད་གྲོགས་དང་སློབ་གྲོགས་རྣམ་པ། ང་ཚོ་ནི་མཛའ་བཤེས་ཀྱི་ཕྱི་ཐག་རིང་བའི་གྲོགས་མཆོག་ཁྱུ་ཅིག་རེད་ཨང་།

    ཆུང་དུས་སུ་ངས་ང་ཚོ་ནམ་ཞིག་དལ་གྱིས་འཚར་རྗེས། ཡོངས་སུ་སྨིན་ཐག་ཆོད་པའི་ལོ་ཏོག་བཞིན་དུ་རང་རང་སོ་སོར་བྲལ་དགོས་པ་གཏན་ནས་དྲན་མ་མྱོང་། ཆུང་དུས་ཀྱི་རྩེད་ར་དང་མི་འདྲ་བའི་སྤྱི་ཚོགས་ཀྱི་གྲུ་ཟུར་གང་ཞིག་ཏུ། ད་ཆ་ང་ཚོ་དལ་ཁོམ་བྲལ་བའི་འཚོ་བའི་ལས་སྣེས་བཟུང་སྟེ། རང་རང་གི་ཁོར་ཡུག་ཆུང་ཆུང་རེ་རེ་ན་མགོ་བོ་གདུགས་ལྟར་འཁོར་དུས། དྲན་སྣང་ལ་མཛེས་པའི་ཆུང་དུས་ཀྱི་རྩེད་ར་མཚར་པོར། དྲན་ཤེས་ཙམ་ལས་ཕྱིར་ཟློག་གི་ལམ་ཞིག་མེད་དུས། ང་ཚོ་ཐག་རིང་ནས་ཐག་རིང་ལ་ཕྱོགས་པའི་ལམ་བཞུད་ཀྱི་འགྲུལ་པ་ཞིག་ཡིན་པ་གཞི་ནས་ཤེས་སོང་།

    ཚེ་རིང་བུ་ཁྲིད། ད་གཟོད་ངའི་ངོ་གདོང་གི་གཉེར་རིས་དང་མགོ་ཐོག་གི་སྐྲ་དཀར་འདི་དག་མཐོང་དུས། ངས་ཁྱེད་ཚོའང་གཉེར་རིས་དང་སྐྲ་དཀར་མང་བའི་རྒད་པོ་དང་རྒད་མོར་རྟོག་བཟོ་བྱེད་ཀྱིན་ཡོད། རྩེད་མཚར་ལ་དགའ་བའི་བྱིས་པ་ཁྱུ་གཅིག་ནས་རྒས་གཉེར་སྐྲ་དཀར་མང་བའི་རྒན་འཁོགས་བར་གྱི་ལམ་ཐག་དེ། བསམ་ཚོད་ལྟ་བུའི་རིང་པོ་མེད་དུས། མི་ཚེ་དང་ལང་ཚོ་ཞེས་པར་དབུགས་རིང་ཞིག་ཤོར་བྱུང་། ཕལ་ཆེར་ད་གཟོད་ཁྱེད་ཚོས་ཀྱང་ང་རང་དང་འདྲ་བར། རང་གི་བཟའ་ཟླ་བུ་ཕྲུག་ལ་བཅངས་པའི་བརྩེ་བ་དྲོན་མོ་ཞིག་གི་ཁྲོད་དུ། སེམས་ངལ་མེད་པའི་བྱིས་དུས་དེ་དང་། བྱིས་དུས་ཀྱི་ཕ་གཞིས་འདྲ་བའི་རྩེད་ར་དེ་ལ་དྲན་གསོ་བྱེད་བཞིན་ཡོད་ཤས་ཆེ།

    ཚེ་རིང་བུ་ཁྲིད། ངའི་བྱིས་དུས་ཀྱི་ཆུང་མ་ཆུང་ཆུང་། ད་ཆ་འཇིག་རྟེན་གྱི་གནས་གང་ཞིག་ཏུ་བཟུང་བའི་ཁྱེད་ཀྱི་ཁྱིམ་ཚང་དྲོན་མོར། ལྷ་མོ་དང་དབྱངས་ཅན་བཀྲ་ཤིས་སོགས་འུ་གཉིས་ཀྱི་ཕྲུ་གུ་དང་འདྲ་བའི་བྱིས་པ་དང་ཚ་བོ་མང་པོར། ང་ཚོ་ཆུང་དུས་ལྟར་བྱམས་སྐྱོང་བྱེད་ཀྱིན་ཡོད་ཤས་ཆེ། ད་དུང་ཤིང་ཧྲུག་དང་རྡོ་ཧྲུག་ལས་གྲུབ་པའི་རྟ་ནོར་ལུག་ཁྱུ་བཞིན་དུ། སྒོ་ཕྱུགས་མང་པོའི་འཚོ་སྐྱོང་ཆེད། ཁྱེད་ནས་དཀའ་བ་གྲངས་མེད་པང་དུ་བླངས་ཤིང་ངལ་བ་མང་པོ་ཁྱད་དུ་བསད་ཀྱིན་ཡོད་ངེས་ལ། ཆུང་དུས་པད་མའི་ལོ་འདབ་ལྟར་འཇམ་པའི་ཁྱེད་ཀྱི་ལག་ཆུང་མཉེན་མོ། ད་གཟོད་ཤིང་གི་ཤུན་ལྤགས་བཞིན་དུ་རྩུབ་པོར་གྱུར་ནས་ཡོད་ངེས། ད་དུང་ཡང་ཁྱེད་ཀྱི་ཚེ་འདིའི་སྐྱ་ཡར་གྱུར་བའི་ཕྲུ་གུའི་ཨ་ཕས། བྱིས་དུས་ཀྱི་ང་རང་བཞིན་དུ། ཁྱེད་ལ་མནའ་མ་དང་མནའ་མ་ཟེར་བཞིན། དགའ་བའི་འཛུམ་དང་བརྩེ་བའི་མིག་གིས་བསུ་གྱིན་ཨེ་འདུག

    ཚེ་རིང་བུ་ཁྲིད། ང་རང་ཕ་ཡུལ་དང་བྲལ་བའི་ཞོགས་པ་དེ་ནས། ངས་ཕ་ཡུལ་ཟེར་བའི་གནས་མལ་དྲོན་མོ་དེ་དང་། ཆུང་གྲོགས་ཞེས་པའི་རྩེད་གྲོགས་ཁྱེད་རྣམས་གཏན་ནས་བརྗེད་མ་མྱོང་། གཞན་ཡུལ་འགྲིམས་པའི་ལོ་ཟླ་དེ་དག་ནང་། ཕ་ཡུལ་ཟེར་བའི་མིང་ཚིག་འདི་དང་ཆུང་གྲོགས་ཟེར་བའི་གཏམ་འདིས། ང་ལ་ཟད་མཐའ་མེད་པའི་དྲན་སྣང་དང་བདེ་སྣང་མང་དག་སྦྱིན་མྱོང་ལ། ཕྱིར་ཟློག་དཀའ་བའི་ཕ་ཡུལ་དང་བྱིས་དུས་བསམས་དུས། ད་གཟོད་ང་རང་གཞུ་ལས་བྲལ་བའི་མདའ་མོ་ཞིག་ཡིན་པ་ངང་གིས་རྟོགས་འོང་།

    ཕ་ཡུལ་བཞག་ནས་གཞན་ཡུལ་པང་དུ་ལེན་པའི་བརྒྱུད་རིམ་དེ་དང་། གཞན་ཡུལ་འགྲིམས་ནས་འཚོ་གནས་ཆེད་དུ་འདུར་རྒྱུག་བྱེད་པའི་གོམ་པ་རེ་རེའི་ཁྲོད། ངས་ཕ་ཡུལ་ནི་འཇམ་ལ་དྲོ་བའི་ཨ་མའི་པང་ཁ་དེ་ཡིན་པ་ཤེས་སོང་ལ། ཐལ་རྩེད་ཁྲོད་མཉམ་དུ་འཚར་བའི་རྩེད་གྲོགས་དེ་དག སེམས་ནང་གཏན་དུ་མཛའ་བའི་དྲན་ཤིང་ཡིན་པ་ཤེས་དུས། ད་གཟོད་ངས་རྩུབ་ལ་རེངས་པའི་ལག་པས་གཉེར་རིས་ཀྱིས་འབར་འབུར་བྱེད་པའི་དཔྲལ་ངོས་བཀབ་སྟེ། དེ་ཙམ་མི་གསལ་བའི་མིག་གི་མདའ་མོ། ཐག་རིང་ཐག་རིང་གི་ཕ་ཡུལ་ཕྱོགས་ལ་ཅེར་བཞིན། སེམས་ལ་སྒོམ་པའི་ཆུང་གྲོགས་ལྷན་དུ་ཕ་ཡུལ་གྱི་རྩེད་ར་མཚར་པོའི་ནང་འཛུམ་དང་བཅས་ཐལ་རྩེད་ལ་རོལ་གྱིན་ཡོད།

    ཚེ་རིང་བུ་ཁྲིད། ཕ་ཡུལ་གྱི་རྩེད་ར་མཚར་པོ་དེ་དང་བྲལ་རྗེས། ངས་མི་ཚེའི་རྡོག་ཁྲེས་ལྕི་པོ་ཞིག་རྒྱབ་ཏུ་འཁུར་ཏེ། སེམས་ཁོང་གི་ཕུགས་འདུན་དང་བདེ་སྐྱིད་ཅིག་གི་ཆེད་དུ། བར་མེད་ཁོམ་མེད་ངང་ལ་ཡུལ་ལུང་མང་པོ་བསྐོར་ཟིན། ཕ་ཡུལ་དང་བྲལ་བའི་ཉིན་དེ་ནས། ང་རང་དལ་ཁོམ་དང་བྲལ་བའི་འགྲུལ་བཞུད་པ་ཞིག་ཡིན་པ་ད་གཟོད་ཤེས། ཕ་ཡུལ་དང་བྲལ་བའི་མི་ཚེའི་བརྒྱུད་རིམ་ནི། རླུང་ཁྲོད་ཀྱི་སྟོན་ལོའམ་བྱ་སྒྲོ་ཞིག་དང་འདྲ་བར། རང་འདོད་བཞིན་དུ་གནས་སྡོད་ཀྱི་རང་དབང་མི་འདུག ལོ་མང་དཀའ་སྡུག་དང་ངལ་བར་ཐིམ་ཡང་། ཕུགས་འདུན་གྱི་བདེ་བ་དེ་བརྙེད་རྒྱུ་མེད་དུས། ངས་ཆུང་དུས་ཀྱི་རྩེད་གྲོགས་དང་ཐག་རིང་ཕ་ཡུལ་ཕྱོགས་ལ་རྒྱང་ལྟ་བྱེད་ཀྱིན་ཡོད། ལོ་ཚོད་འདི་མ་གཞི་ནས་ཕ་ཡུལ་དྲན་པའི་ནམ་ཟླར་སླེབས་ཟིན་དུས། མི་རྒས་ན་ཡུལ་དྲན། བྱ་རྒས་ན་ཚང་དྲན་པའི་དཔེ་བཞིན་དུ། སེམས་ཁོང་གི་ཕྱི་ལྟས་མང་པོ་ཕ་ཡུལ་ཕྱོགས་ལ་ཅེར་བཞིན་ཡོད།

    ཕ་ཡུལ་ནི་འཁོར་བའི་གནས་མལ་ཆེས་སྐྱིད་ཤོས་དེ་ཡིན་དུས། ངས་ཆུང་དུས་ཀྱི་རྩེད་ར་མཚར་པོ་དེའི་ནང་ཐེངས་གཅིག་ལོག་སྟེ། ཆུང་དུས་ཀྱི་རྩེད་གྲོགས་ཚོ་དང་མཉམ་དུ། ཉིན་གང་ཐལ་རྩེད་ལ་རོལ་ན་བསམས། ཚེ་རིང་བུ་ཁྲིད། དེ་དུས་ཁྱེད་རང་ནས་ངའི་ཆུང་མ་ཆུང་ཆུང་དེ་བྱས་ཆོག་ལ། ཁྱེད་ནས་ལྷ་མོ་དང་། དབྱངས་ཅན། བཀྲ་ཤིས་སོགས་འུ་གཉིས་ཀྱི་བུ་དང་བུ་མོ་དེ་དག་པང་ལ་བཏབ་པའམ་རྒྱབ་ཏུ་འཁུར་ཏེ། མེ་ཁ་གསོས་ཤིང་ཞོགས་ཇ་སྐོལ་ཆོག་པ་མ་ཟད། ངས་ནོར་བུ་དང་བསྟན་པ་སོགས་ང་ཚོའི་ཁྱིམ་མཚེས་ཚོ་དང་མཉམ་དུ། རྡོ་ཧྲུག་དང་ཤིང་ཧྲུག་ལས་བྱས་པའི་ནོར་ནག་དང་གཡང་དཀར་དེ་དག་འཚོ་སྐྱོང་བྱས་ཆོག ད་དུང་ཡང་ངས་ཁྱེད་ལ་ཆུང་མ་དང་ཁྱེད་ནས་བདག་ལ་ཟླ་བོ་ཞེས་འབོད་ཀྱིན། འོད་སྣང་དང་དྲོད་ཁོལ་གྱིས་ཕྱུག་པའི་ཁྱིམ་གཞིས་ཤིག་ལ་བློས་བསླངས་བྱས་ཆོག་པ་མིན་ནམ།

    ཚེ་རིང་བུ་ཁྲིད། ད་ཆ་ང་ཚོ་སླར་ཡང་ཕ་ཡུལ་དུ་འཛོམས་ཚེ། རྒས་གཉེར་དང་སྐྲ་དཀར་གྱིས་ཁེངས་པའི་ཕན་ཚུན་གྱི་ངོ་ལ་ཅེར་བཞིན། ལུས་སྟོད་གུག་ཅིང་རྐང་པ་འཐེང་བའི་ལུས་གཟུགས་ཕན་ཚུན་སྐྱོར་གྱིན། དྲན་སྣང་ལ་མཛེས་པའི་བྱིས་དུས་དེ་ལ་དྲན་གསོ་ཐེངས་ཤིག་བྱས་ཆོག་ལ། གཞན་ཡུལ་འགྲིམས་པའི་མངར་སྐྱུར་གྱི་གཏམ་རྒྱུད་མང་པོ། ལོ་ཆང་བཞིན་དུ་དལ་གྱིས་བཏུང་ཞིང་། ཕྱུར་སྐམ་བཞིན་དུ་ག་ལེར་མུར་ཆོག་ཨང་།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398110301