བོད་ལྗོངས།
ཕ་ཡུལ།

    རྩོམ་པ་པོ་སྐལ་བཟང་ཆོས་འཛོམས།

    ཕ་ཡུལ་ནི་ནམ་མཁའི་དབྱིངས་སུ་སྔོ་ལྷོག་ལྷོག་ཏུ་འཕྱུར་བཞིན་པའི་ཁྱིམ་ཚང་གྲངས་མེད་ཀྱི་དུ་བའི་གཡབ་མོ་ཞིག་དང་། ཕ་ཡུལ་ནི་གྲོང་སྡེའི་ལོ་ལོན་ཁྱུ་ཡིས་དབྱངས་ལ་འགུག་པའི་གསུང་མགུར་ཞིག ཕ་ཡུལ་ནི་ཡུལ་སྡེའི་སྲང་ལམ་གང་སར་རྩེད་མཚར་ལ་རོལ་བའི་ཞིང་ཕྲུག་སྙིང་ལ་རྗེ་བ་དག་གི་དྭངས་གཙང་གི་དགོད་སྒྲ་ཞིག་ཡིན་ལ། ལུས་ལ་ཐལ་རྡུལ་གྱིས་སྦགས་རུང་བཙལ་ན་རྙེད་པ་མེད་པའི་ཁོ་ཚོའི་རྣམ་ཤེས་དྭངས་མ་དེ་རེད་ཨང་། ཕ་ཡུལ་ནི་རི་འདབས་ཀྱི་ན་ཁར་ཅི་དགར་རོལ་བཞིན་པའི་བ་གླང་གི་དྲིལ་བུའི་སྒྲ་དབྱངས་དང་གཡང་དཀར་ལུག་ཁྱུའི་འབའ་སྒྲ་ཞིག་ཡིན་ལ། ཕ་ཡུལ་ནི་ང་རང་ཐང་དཀར་རྒོད་པོ་ཞིག་དང་འདྲ་བར་མཁའ་དབྱིངས་སུ་ནམ་འཕང་བཅད་མཐར་ཕྱིར་ལོག་སའི་འབབ་ཚུགས་དང་། བདག་སེམས་བན་བུན་དུ་གྱུར་སྐབས་ཞེན་ཆགས་སའི་ཡུལ་ལུང་སྐྱ་བོ་དེ་ཡིན། ཕ་ཡུལ་ནི་ངའི་རྨི་ལམ་ལ་བདེ་སྐྱིད་ཀྱི་འོད་སྣང་སྦྱིན་ཞིང་། ངའི་རྣམ་ཤེས་ལ་གར་སྟེགས་སྐྲུན་མཁན་ཉག་གཅིག་དེའོ། འོན་ཀྱང་། ལན་རེར་སེམས་ལ་ཁེར་རྐྱང་དང་ཡིད་གཅོང་དྲག་པོ་ཞིག་གིས། ཕ་ཡུལ་ལ་ཡོད་དུས་ཕྱི་རོལ་དུ་འགྲོ་འདོད་པ་དང་། ཡང་ཕྱི་རོལ་དུ་ཡོད་དུས་ཕ་ཡུལ་དུ་ལོག་འདོད་སྐྱེས་འོངས། དེ་ནི་ཁ་རྒྱུན་དུ་གྲགས་པའི“སྲིན་པོ་གནས་མི་རྙེད་པ”ཞེས་པ་དེ་དང་ཅི་འདྲའི་མཚུངས་ཨང་།

    ཆུང་དུས་སུ་རྒྱང་རིང་ཟེར་བ་སེམས་ལ་བསམ་མྱོང་མེད་ཅིང་། འགྲུལ་བཞུད་ཟེར་བ་དེ་བས་ག་ལ་རྟོགས་ཏེ། ཕ་ཡུལ་ནི་ང་རང་གཏན་སྡོད་ཀྱི་གནས་མལ་དང་ཡུན་རིང་གི་ཞེན་ཆགས་བྱེད་ཡུལ་ཁོ་ནར་སྒོམ་ཞིང་། གྲོང་སྡེའི་སྲང་ལམ་གང་སར་བྱིས་དུས་ཀྱི་རྐང་རྗེས་ལྷམ་མེར་བཞག་སྟེ། རི་གྲོང་ཆུང་ཆུང་དེའི་ཡོད་ཚད་རང་གི་མི་ཚེའི་གར་སྟེགས་ཤིག་དང་ལག་འབྲེལ་དཔུང་གཤིབ་ཀྱི་དོ་རར་བསམས། དེ་བས། ཆུང་གྲོགས་སྙིང་གི་མེ་ཏོག་དག་ནི་ལ་རྒྱར་སིམ་པའི་གྲོགས་མཆོག་ཁོ་ནར་འདོད། འོན་ཀྱང་། ལོ་ཟླའི་འཁོར་འགྲོས་དབང་གིས་ང་རང་རིམ་གྱིས་གང་ཡང་མི་ཤེས་པའི་གྲོང་གསེབ་ཀྱི་བུ་མོ་དཀྱུས་མ་ཞིག་ནས། རྒྱབ་ཏུ་དཔེ་ཁུག་ཁུར་ཏེ་མེ་འཁོར་བསྡད་ནས་གྲོང་ཁྱེར་འགྲིམས་ཏེ། ན་མཉམ་ཚོ་དང་ལྷན་དུ་ཤེས་བྱ་ཡོན་ཏན་སྦྱངས། ཕུགས་བསམ་ཆེད་རྒྱུས་མེད་ཀྱི་ཡུལ་ལུང་མང་དག་འགྲིམས་ནས་འགྲུལ་བཞུད་ཀྱི་སེམས་འགྱུས་བཅིངས་པའི་གཞོན་ནུ་མ་ཞིག་ཏུ་གྱུར་སྐབས། ཕ་ཡུལ་ནི་རྒྱ་ཇེ་ཆེ་དང་། རང་སེམས་ནི་གུ་ཇེ་ཡངས། མི་ཚེའི་གར་སྟེགས་ནི་སྣ་མང་དང་། གདམ་ཁ་ནི་སྣ་ཚོགས་སུ་སྣང་ཞིང་། སེམས་ཐག་ཉེ་བའི་མི་དང་འགྲོགས་འདྲིས་རིམ་གྱིས་མང་དུ་འགྲོ་དུས། སེམས་པ་གར་འགྲོའི་ས་ལ་ལུས་པོ་སླེབས་ཐུབ་ན། ད་གཟོད་གང་དུ་སླེབས་ཀྱང་ཕ་ཡུལ་དང་ཁྱད་མེད་པའི་གནས་ལུགས་དེ་ངས་ངང་གིས་རྟོགས་བྱུང་།

    ཕ་ཡུལ་ནི་ཉན་ན་ངོམ་པ་མེད་ཅིང་། བཤད་ན་ཚར་རྒྱུ་མེད་པའི་གླུ་ཨ་ལ་ཐ་ལའི་གཏམ་རྒྱུད་རིང་མོ་དེ་ཡིན་ལ། ཕ་ཡུལ་ནི་ལྷིང་འཇགས་ཀྱི་འབྲོག་ཐང་སྟེང་འབྲི་མོའི་རྣ་བར་འཇགས་པའི་ཨ་ཅེ་འབྲོག་མོའི་བཞོ་དབྱངས་སྙན་མོ་དེ་ཡིན། ཕ་ཡུལ་ན་རི་མགོ་མཐོན་པོའི་རྩེ་ཡི་དར་ལྕོག་རླུང་གིས་བསྐྱོད་ནས་ལྷབ་ལྷུབ་ཏུ་འགུལ་བཞིན་འདུག་ལ། ཕ་ཡུལ་ན་ལྷིང་འཇགས་ཀྱི་འཚོ་བའི་རོལ་དབྱངས་མུ་མཐུད་དཀྲོལ་བཞིན་འདུག

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398266271