བོད་ལྗོངས།
ཀྱེ། ཀྱེ། ཀྱེ།

    དུད་བླ་བུ་ཆུང་།

    ཤེས་བྱ་ལ་སྦྱངས་བརྩོན་གྱི་མུ་མཐའ་མེད་ན་ཡང་།

    སློབ་གཉེར་ལ་སྔོན་རྗེས་ཀྱི་མཚམས་ཚིགས་ཤིག་ཅིས་ཀྱང་ཡོད།

    མི་ཚེ་ལ་སྐྱིད་སྡུག་གི་གོ་རིམ་ཞིག་མེད་ན་ཡང་།

    གཞོན་སོ་དཀར་གྱི་ལང་ཚོ་ལ་དུས་ཚོད་ཀྱི་ཚད་གཞི་ཞིག་ཅིས་ཀྱང་ཡོད།

    ལོ་ངོ་བཞི་ཡི་གོང་རོལ་དུ། དམིགས་པ་ཞིག་གི་རྟ་ལ་བཞོན་ནས། རྨི་ལམ་ཞིག་གི་

    རྗེས་སུ་བསྙེགས་ནས།

    བུམ་པ་རི་ཡི་འདབས་ཞོལ་འདི་རུ། སྐྱིད་ཆུ་སྔོན་མོའི་ཆུ་ངོགས་འདི་རུ། དྲུང་སྤྱི་གླིང་གའི་

    ལྡིང་ཁང་འདི་རུ།

    ཐོས་པ་དང་བསམ་པ། དགའ་བ་དང་སྐྱོ་བ། བརྩེ་བ་དང་དུང་བ།

    ཐོབ་པ་དང་ཤོར་བ་ལ་སོགས་པའི་ས་བོན་ཇི་སྙེད་ཅིག་བཏབ་པ་ཡིན་ཨང་།

    ཀྱེ། ཐོན་རན་སོང་། ད་ནི་ས་མཐར་ཐོན་རན་སོང་།

    ཡོད་ཚད་ཀྱི་ཡོད་ཚད་རུམ་དུ་བཅུག་སྟེ་ད་ནི་ས་མཐར་ཐོན་རན་སོང་།

    ཀྱེ་ཀྱེ། གནམ་ལ་འཕུར་ཐུབ་པ་ཙམ་གྱི་རྒོད་པོར་མ་གྲུབ་ལ།

    ས་ལ་བགྲོད་ཤེས་པ་ཙམ་གྱིས་ཅང་ཤེས་ཅི་ལ་ཡིན།

    ལོ་འདབ་སྔོན་མོ་ལྡན་ཚད་ལ་མེ་ཏོག་མི་ཟེར་ཞིང་།

    འོད་ཟེར་དཀར་པོ་འགྱེད་ཚད་ལ་སྐར་མའི་མིང་མི་ཐོགས།

    ཀྱེ། རྒོད་པོ་ཞིག་བྱེད་འདོད་ན། གཤོག་རྩལ་ངོམས་དགོས། ནམ་འཕང་གཅོད་དགོས།

    དེ་བས་ཀྱང་གཡང་གཟར་གྱི་བྲག་རིའི་སྟེང་དུ་རྒོད་ཚང་བཅོས་དགོས།

    ཀྱེ། ཅང་ཤེས་ཤིག་བྱེད་འདོད་ན། བགྲོད་ཆེན་ངོམས་དགོས། ས་མཐའ་བསྐོར་དགོས།

    དེ་བས་ཀྱང་ཡངས་པའི་ཐང་ཆེན་སྟེང་དུ་རྒྱུག་བགྲོད་ཤེས་དགོས།

    ཀྱེ། མེ་ཏོག་ཅིག་བྱེད་འདོད་ན། ལོ་འདབ་རྒྱས་དགོས། མཛེས་སྡུག་ངོམས་དགོས།

    དེ་བས་ཀྱང་སྐྱེད་ཚལ་ལྡུམ་རའི་ནང་དུ་བསུང་ཞིམ་འཐུལ་དགོས།

    ཀྱེ། སྐར་མ་ཞིག་བྱེད་འདོད་ན། ཉི་ཟླ་ཡི་ཆེ་གྲགས་སྤང་དགོས། རང་ནུས་ཀྱི་

    འོད་ཟེར་བཀྱེ་དགོས།

    དེ་བས་ཀྱང་སྨག་རུམ་མུན་པའི་ཁྲོད་ན་ལམ་སྟོན་གྱི་མིག་ཟུང་བགྲད་དགོས།

    ཀྱེ་ཀྱེ། སློབ་ཐོན་སློབ་མ་ཚོ།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001310047170