བོད་ལྗོངས།
ལྷག་བསམ་རྣམ་དག

    དབུ་རུ་དོན་འདུར།

    མི་ཞིག་གི་མི་ཚེའི་ནང་ལྷག་བསམ་རྣམ་དག་དང་དྲང་པོ་དྲང་བཞག་ཟེར་བ་དེ། གལ་འགངས་ཤིན་ཏུ་ཆེ་བའི་ཀུན་སྤྱོད་ཀྱི་ཚད་གཞི་ཞིག་ཡིན་པ་དང་། ལས་རིགས་དང་འགན་འཁྲི་གང་འདྲ་ཞིག་ཡིན་ན་ཡང་། དེར་ལྷག་བསམ་རྣམ་དག་དང་། བདེན་པ་བདེན་ཐུབ། དྲང་པོ་དྲང་བཞག་བྱེད་རྒྱུ་དེ་མི་ཞིག་ལ་ངེས་པར་དུ་ཡོད་དགོས་པའི་ཆ་རྐྱེན་གལ་ཆེན་ཞིག་ལགས།

    ད་ལྟ་ནི་དྲ་བ་སོགས་ཀྱི་སྟབས་བདེ་ལ་བརྟེན་ནས། འཛམ་གླིང་ཧྲིལ་པོའི་གནས་ཚུལ་སྣ་ཚོགས་དུས་ཐོག་ཏུ་གོ་ཐུབ་པ་དང་། མི་རིགས་ཕན་ཚུན་བར་གྱི་ཀུན་སྤྱོད་བཟང་ངན་ཡང་ཐད་ཀར་མཐོང་ཐུབ་པ་ཡིན།

    མི་རིགས་མི་འདྲ་བ་དང་དད་མོས་མི་འདྲ་ཡང་། དྲང་པོ་དྲང་བཞག་དང་ལྷག་བསམ་རྣམ་དག བདེན་པ་བདེན་ཐུབ་ཟེར་བ་དེ་ཚོ་ནི། ཚང་མས་ཀུན་སྤྱོད་བཟང་པོར་འཛིན་པ་དང་། གཡོ་སྒྱུ་ཁྲམ་གསུམ་དང་། ངོ་དགའ་སྤྲེལ་ལད། ཁ་ཞེ་མི་མཚུངས་པ་སོགས་ནི་མ་རབས་ཐ་ཤལ་དུ་བརྩི་བ་ཡང་གཅིག་ཏུ་ངེས།

    ཀ

    མི་ཁག་གཅིག་གིས། གཡོ་སྒྱུ་ཁྲམ་གསུམ་གྱི་ཐབས་ངན་ལ་བརྟེན་ནས། རང་ཉིད་གོང་དུ་བུད་ཐབས་དང་གཞན་རྣམས་འོག་ཏུ་གནོན་ཐབས་ཁོ་ན་བྱས་ཏེ། སྐབས་འཕྲལ་དུ་རྒྱལ་ཁ་ཡང་མང་པོ་ཞིག་བླངས་ཡོད་མོད། ཕུགས་སུ་རང་ལ་ཡང་གྱོང་གུན་ལས་མེད་པ་སྟེ། གཡོ་སྒྱུ་ཁྲམ་གསུམ་གྱི་བྱ་བས་ནི། རང་ཉིད་ལ་ཁེ་བཟང་ཅུང་ཟད་བྱུང་བ་དང་མཉམ་དུ་མི་མང་པོའི་ཡིད་ཆེས་ཤོར་འགྲོ་བ་དང་། བློས་ཐུབ་ཀྱི་གྲོགས་པོ་གྲོགས་མོ་མང་པོའི་བློས་འགེལ་ཡིད་ཆེས་ལ་གས་སྲུབས་ཤོར་ཏེ། རིམ་བཞིན་ངོས་སུ་རང་གི་དབང་དང་རྒྱུ་ལ་བརྟེན་ནས་དགའ་མདོག་བྱེད་སྲིད་མོད། དོན་དུ་ཁོ་ཚོ་ཚང་མས་ཁྱོད་ལ་དགའ་ཡི་མེད་ཅིང་། གཡོ་ཁྲམ་གྱི་བྱ་སྤྱོད་དེས། མི་མང་པོ་དང་མཉམ་དུ་བསྡད་ཡོད་ཀྱང་། སེམས་གཏིང་ནས་ཁྱེད་རང་གྲོགས་མེད་ཁེར་རྐྱང་ཞིག་ཏུ་བཏང་ཡོད་པ་རེད།

    ཁྱེད་ཀྱི་བསམ་པར་ཐབས་བརྒྱ་ཇུས་སྟོང་གིས་རང་ཉིད་གཞན་ལས་རྣམ་པར་རྒྱལ་ཐུབ་ན། འཇོན་པོ་རྒོད་པོ་ཡིན་པར་བསམ་བཞིན་ཡོད་ལ། ཁྱོད་ལ་སེམས་གཏིང་ནས་མི་དགའ་བའི་མི་དག་གིས། སྐེ་ཡན་གྱི་སྐད་ཆ་བཤད་དེ། ཁྱོད་རང་ལས་འཇོན་པ་དང་ཁྱེད་རང་ལས་ལྷག་པ་མེད་སོགས་ངོ་བསྟོད་བྱེད་སྲིད་ཀྱང་། རྐུ་མ་རྫུན་གྱི་ཕུ་ཐག་ཐུང་ཞེས་པའི་དཔེ་ལྟར། གཡོ་སྒྱུ་ཁྲམ་གསུམ་གྱི་བྱ་བ་ནི། གནས་སྐབས་ལམ་དུ་འགྲོ་ཡང་ཕུགས་སུ་བྱེད་སྟངས་དེ་མི་མང་པོས་ཤེས་འགྲོ་བ་དང་། གཞན་གྱིས་ཤེས་རྗེས། རྐུ་དང་རྫུན་ལ་གཅིག་ཞུགས་པས། །མི་དེར་རྟག་ཏུ་དོགས་པ་སྐྱེ། །ཤིང་ལ་ལན་གཅིག་སྦྲུལ་གནས་ཚེ། །ཕྱིས་ཀྱང་མཐོང་ཚེ་འཇིགས་པ་སྐྱེ་ཞེས་པའི་དཔེ་ལྟར། གཡོ་སྒྱུ་ཁྲམ་གསུམ་གྱི་ལས་ཀ་ཐེངས་གཅིག་བྱས་ན་ཡང་གཞན་གྱི་ཡིད་ཆེས་ཤོར་ནས། དོན་དངོས་སུ་བྱ་སྤྱོད་དེ་རིགས་ཀྱིས་ཁྱེད་རང་མི་གྲལ་ལས་བུད་འགྲོ་བཞིན་ཡོད་པ་རེད།

    རང་ཉིད་མི་གྲལ་དུ་ཚུད་པ་དང་ཡ་རབས་མིའི་གྲལ་དུ་ཚུད་དགོས་ན། ཚང་མས་ངོ་ལྐོག་མེད་པ་དང་དྲང་པོ་དྲང་བཞག ལྷག་བསམ་རྣམ་དག་གི་མི་ཞིག་བྱེད་དགོས་ཨང་།

    ཁ

    ཁྱེད་རང་དགེ་རྒན་ཞིག་ཡིན་ན། སློབ་གསོའི་ལས་ཀར་ལྷག་བསམ་རྣམ་དག་དང་། རང་གི་སློབ་མར་ལྷག་བསམ་རྣམ་དག་གི་སློབ་ཁྲིད་གནང་དགོས་པ་ལས། ལས་ཀ་དེ་ཡང་གཡོ་ཟོལ་སྣ་ཚོགས་དང་འབྲེལ་ནས་བྱས་ཚེ། དགེ་རྒན་ཟེར་བའི་མཚན་སྙན་བཟང་པོ་དེ་ཡང་འཛད་འགྲོ་བ་ཡིན།

    དགེ་རྒན་ལྷག་བསམ་རྣམ་དག་ཅིག་བྱེད་ཐུབ་ན། མི་ཚང་མས་ཤེས་པའི་ངེས་པ་མེད་ཀྱང་། ཁྱེད་རང་གི་སློབ་མས་ནམ་ཡང་བརྗེད་མི་སྲིད་ལ། ཁྱིམ་བདག་ཚོས་ཤེས་སྲིད། གལ་ཏེ་མ་ཤེས་རུང་སློབ་མ་དེ་དག་གི་ལུས་ཐོག་ཏུ་སྦྱར་ཟིན་པའི་ཤེས་རིག་ཡོན་ཏན་གྱིས། ཁྱེད་རང་ནམ་ཡང་མི་ནུབ་པར་གནས་ངེས།

    དགེ་རྒན་ཡིན་ཕྱིན་སློབ་མའི་རྒྱབ་ལྗོངས་བཟང་ངན་ལ་བརྟག་དཔྱད་བྱས་ཏེ། ཕ་མ་འགོ་ཁྲིད་ཡིན་པ་དང་ཕྱུག་བདག་ཡིན་པ་སོགས་ལ་ཡག་པོ་བྱེད་པ་དང་། ཕ་མ་དབུལ་ཕོངས་ཉམ་ཐག་ཡིན་པ་རྣམས་ལ་མཐོང་ཆུང་དང་། སྣང་མེད་གཏོང་མི་རུང་ཞིང་། དགེ་རྒན་ཡིན་ཕྱིན་རང་ཉིད་འགོ་ཁྲིད་དང་གོང་རིམ་གྱི་སྤྱན་དུ་མཐོང་ཐབས་བྱེད་པ་ལས། སློབ་མའི་ཤེས་ཡོན་ལ་དམིགས་པ་དང་། སློབ་མར་ཀུན་སྤྱོད་ཤེས་ཡོན་ཡག་པོ་ཞིག་སློབ་ཐུབ་པར་འབད་བརྩོན་མི་བྱེད་པ་བྱེད་རྒྱུ་མེད། ཁྱིམ་བདག་གི་ངོ་གདོང་ཁོ་ནར་ལྟ་བ་ལས། ལེགས་སྐྱེས་འབུལ་འདོད་མེད་པ་ནི་དགེ་རྒན་དེ་ཉིད་ལྷག་བསམ་རྣམ་དག་མ་ཡིན་པས་རེད་ཨང་།

    དེ་དང་འདྲ་བར་ལས་རིགས་ཀུན་གྱི་ནང་དུ། ངོས་སུ་ལས་ཀར་དགའ་མདོག་དང་། སྤྱི་སེམས་ཆེ་མདོག་བྱེད་ན་ཡང་། ལྐོག་ཏུ་རང་གི་ཐོབ་ཆ་དང་ཟླ་ཕོགས་ཁོ་ནར་དོ་ཁུར་བྱེད་ཅིང་། རང་གི་ཁེ་ཕན་དང་རང་དོན་ཁོ་ན་གཙིགས་ཆེར་འཛིན་མཁན་གྱི་མི་སྣ་དེ་རིགས་ལ་ལྷག་བསམ་རྣམ་དག་ཟེར་བ་རྩ་བ་ནས་འབོད་ཐབས་མེད་ལ། མི་སྣ་དེ་རིགས་ལ་གཞན་གྱི་ཡིད་ཆེས་བློས་འགེལ་ཐོབ་མི་སྲིད་པས། མི་ཚོགས་ཇི་ལྟར་སྟུག་རུང་རང་ཉིད་ནི་གྲོགས་མེད་ཁེར་རྐྱང་ཡིན། དེར་བརྟེན་ང་ཚོས་ངེས་པར་དུ་ལྷག་བསམ་རྣམ་དག་དང་དྲང་པོ་དྲང་བཞག་གི་མི་ཞིག་བྱེད་པར་འབད་བརྩོན་གནང་དགོས།

    ག

    ཁྱེད་རང་སྨན་པ་ཞིག་ཡིན་ཕྱིན། སྨན་བཅོས་ལག་རྩལ་དགོས་པའི་རྨང་གཞིའི་ཐོག་ལྷག་བསམ་རྣམ་དག་བྱེད་དགོས། གལ་ཏེ་སྨན་པས་རང་གི་ཁེ་ཕན་གཙོ་བོར་བཞག་སྟེ། ནད་ངོ་མ་ཤེས་རུང་ཤེས་མདོག་གིས། སྨན་བཅོས་རྫུན་མ་བྱས་ན། དེའི་མཇུག་འབྲས་ནི་འཇིགས་སུ་རུང་བ་ཞིག་ཡིན་པ་རེད།

    སྨན་པས་ནད་ངོ་མ་ཤེས་རུང་ཤེས་མ་སོང་ཞེས་བཤད་ན། སྨན་པ་ཞིག་གི་ངོ་ཚ་རེད་སྙམ་ནས་རྫུན་བཤད་ཚེ་དེ་ནི་ལྷག་བསམ་རྣམ་དག་དང་རྒྱབ་འགལ་ཡིན།

    དྲང་པོ་ཤོད་པ་ནི་སྨན་པ་ཞིག་གི་ལྷག་བསམ་དང་འགན་འཁྲི་ཡིན་ལ། རྫུན་ཤོད་པ་ནི་སྨན་པ་ཞིག་གི་ངོ་ཚ་ཡིན་པས། དགེ་རྒན་དང་སྨན་པ་ཞིག་ལ་ལྷག་བསམ་རྣམ་དག་ནི་ལག་རྩལ་ལས་ཀྱང་ཅིས་ནས་གལ་ཆེ་བ་ཡིན།

    དགེ་རྒན་དང་སྨན་པའི་ལས་རིགས་ནི་མིའི་རིགས་ལ་ཕན་ཐོགས་ཆེ་ཤོས་ཡིན་མོད། འོན་ཀྱང་ལྷག་བསམ་རྣམ་དག་དང་མི་ལྡན་ཚེ། གནོད་འཚེ་ཆེ་ཤོས་དེ་ཡང་སྨན་པ་དང་དགེ་རྒན་གྱིས་བྱེད་བཞིན་ཡོད་པ་སྟེ། མི་ཞིག་གི་མི་ཚེ་ལ་འགྱུར་བ་གཏོང་ཐུབ་མཁན་དེ་དགེ་རྒན་ཡིན་ལ། མི་ཞིག་ལ་ཚེ་སྲོག་གཉིས་པ་སྦྱིན་མཁན་དེ་ཡང་སྨན་པ་ཡིན།

    དེར་བརྟེན། དགེ་རྒན་དང་སྨན་པ་ཞིག་ཡིན་ཕྱིན། ངེས་པར་དུ་རང་གི་ལས་རིགས་དང་སློབ་མ། ནད་པ་བཅས་ལ་ལྷག་བསམ་རྣམ་དག་ཡིན་དགོས་སོ།

    ང

    སྨན་པ་དང་དགེ་རྒན་ལ་ལྷག་བསམ་རྣམ་དག་གི་བསམ་པ་དགོས་པ་ཕུད། མི་སུ་འདྲ་ཞིག་ཡིན་ན་ཡང་། ལྷག་བསམ་རྣམ་དག་ནི་རང་ཉིད་ཀྱི་རྒྱན་ཆ་ཞིག་ཡིན་པ་ལས། དེ་དུས་རབས་དང་སྤྱི་ཚོགས་འཕོ་འགྱུར་ལ་བརྟེན་ནས། རིན་ཐང་མེད་པ་དང་དགེ་མཚན་མེད་པར་ནམ་ཡང་འགྱུར་མི་སྲིད་པས། ང་ཚོ་ཚང་མས་ལྷག་བསམ་རྣམ་དག་གི་མི་ཞིག་བྱེད་ཐུབ་པ་དགོས།

    གལ་ཏེ་ཁྱེད་རང་ཁྱོ་ག་ཞིག་གམ་ཡང་ན་མནའ་མ་ཞིག་ཡིན་པའི་དབང་དུ་བཏང་ན། གོང་གི་ཕ་མ་རྒན་འཁོགས་ལ་སྲི་ཞུ་དང་། བར་གྱི་བཟའ་མི་ལ་ཁ་ཞེ་གཉིས་མེད། འོག་གི་བུ་ཕྲུག་ལ་བྱམས་སྐྱོང་བྱེད་རྒྱུའི་འོས་འགན་ཡོད་ཅིང་། དེ་དག་ལ་ལྷག་བསམ་རྣམ་དག་གིས་གདོང་གཏད་ན། ཁྱེད་རང་གཞི་ནས་དེ་དག་གི་མིང་དོན་མཚུངས་པའི་ཁྱིམ་བདག་ཅིག་ཡིན་པ་རེད།

    བཟའ་མི་བུ་ཕྲུག་དང་ཕ་མ་རྒན་འཁོགས་འཛོམས་པའི་ཁྱིམ་ཚང་ནང་དུ། ཁྱེད་རང་གི་འགན་འཁུར་ཕྲག་ཏུ་ལེན་ཐུབ་མིན་ནི། ནམ་ཡང་ཁྱོད་ཀྱི་ལྷག་བསམ་ལ་ཐུག་ཡོད་པ་དང་། གལ་ཏེ་ཁྱེད་རང་ལྷག་བསམ་རྣམ་དག་གི་མི་ཞིག་མིན་ན། ཁྱེད་རང་ནམ་ཡང་ཉི་མ་ལྟར་དྲོད་ཁོལ་ལྡན་པའི་ཕ་རྒན་ནམ་མ་རྒན་ཞིག་བྱེད་དཀའ་བས། ང་ཚོ་མི་སུ་ཞིག་ཡིན་ན་ཡང་ལྷག་བསམ་རྣམ་དག་ནི་མེད་ན་མི་འགྲིག་པའི་རྒྱན་ཆ་རྩ་ཆེན་ཞིག་ཡིན་ནོ།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001310047172