བོད་ལྗོངས།
འཁྲབ་གཞུང་ཡིག་སྒྱུར་གྱི་རྩ་དོན་དང་དོ་སྣང་བྱེད་དགོས་པའི་གནད་དོན་འགའ་རགས་ཙམ་གླེང་བ།

    བོད་སྐད་གློག་བརྙན་དང་བརྙན་འཕྲིན་འཁྲབ་གཞུང་སྒྱུར་བཟོ་བྱེད་སྐབས་ལྷུ་ཚིགས་མང་དག་ཅིག་བརྒྱུད་དགོས་པ་དཔེར་ན། འཁྲབ་གཞུང་ཡིག་སྒྱུར་བྱེད་པ་དང་། འཁྲབ་གཞུང་སྒྱུར་ཡིག་ལ་ཞུ་དག་གཏོང་བ། མི་སྣ་དང་འཚམ་པའི་སྒྲ་སྦྱོར་བ་འདེམས་པ། དངོས་གཞིའི་སྒྲ་སྦྱོར་དང་སྒྲ་འཇུག་བྱེད་པ་སོགས་སོ། དེ་དག་གི་ཁྲོད་ནས་འཁྲབ་གཞུང་མ་དེབ་ཡིག་སྒྱུར་དང་སྒྲ་སྦྱོར་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བའི་ལྷུ་ཚིགས་ཤིག་ཡིན་པ་མ་ཟད། དེ་ལ་ཡང་སྲེག་བཅད་བརྡར་གསུམ་བྱས་པ་བརྒྱུད་གཞི་ནས་གཟིགས་མོ་བའི་སྤྱན་ལམ་དུ་སྒྱུ་རྩལ་གྱི་བརྩམས་ཆོས་སྤུས་ལེགས་ཤིག་འབུལ་ཐུབ་ཀྱི་ཡོད་པས། གཤམ་ལ་ལྷུ་ཚིགས་འདི་གཉིས་ལས་འཁྲབ་གཞུང་ཡིག་སྒྱུར་སྐོར་རགས་ཙམ་གླེང་བར་འདོད།

    གཅིག གོ་བདེ་བའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།

    དེ་ཡང་རྒྱ་ཆེའི་གཟིགས་མོ་བ་གཙོ་བོར་བཟུང་ནས་གཟིགས་མོ་བར་ཞབས་འདེགས་ཞུ་རྒྱུ་ནི་འཁྲབ་ཚན་ཡིག་སྒྱུར་བྱེད་པའི་དམིགས་ཡུལ་ཡིན་ཞིང་། འཁྲབ་ཚན་ཡིག་སྒྱུར་དོན་ལ་གནས་མིན་དེ་ཡང་གཟིགས་མོ་བས་བརྙན་ཕབ་ལྟ་སྐབས་མ་ཡིག་གི་ནང་དོན་འཕྱུགས་མེད་རྟོགས་ཐུབ་མིན་ཚད་གཞིར་འཛིན་དགོས། ལོ་ཙཱ་བས་འགྱུར་ཡིག་གི་ནང་དོན་འདི་གཟིགས་མོ་བས་ཕལ་ཆེར་གོ་བ་ཙམ་མ་ཡིན་པར་ངེས་པར་དུ་གོ་བ་ལོག་སྒྲུབ་མི་ཡོང་བའི་འགན་ལེན་བྱེད་དགོས། གཞན་ཡང་འཁྲབ་ཚན་གྱི་སྐད་ཆར་ཡུད་ཙམ་ཡུད་ཙམ་ལ་བར་མཚམས་ཆོད་འགྲོ་བའི་ཁྱད་ཆོས་ལྡན་པར་བརྟེན། གཟིགས་མོ་བས་བརྙན་ཕབ་ལྟ་སྐབས་སྐད་ཆའི་ནང་དོན་ལ་ཞིབ་ནན་གྱིས་གོ་བ་ལེན་པའི་དུས་ཚོད་རིང་པོ་མེད་པ་དང་། འཁྲབ་སྟོན་པར་བསྐྱར་དུ་གླེང་མོལ་བྱེད་དགོས་པའི་རེ་བ་བཏོན་ཐབས་བྲལ་བས་སྐབས་འཕྲལ་དུ་གོ་བདེ་བ་ཞིག་དགོས་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད།

    བརྙན་འཕྲིན་འཁྲབ་གཞུང་གི་ཡིག་སྒྱུར་ལ་ཡིག་སྒྱུར་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་འཁྲབ་གཞུང་སོ་སོའི་བརྗོད་གཞི་མི་འདྲ་བར་གཞིགས་ཏེ། རྒྱུན་སྤྱོད་སྐད་ཆ་གཙོ་བོར་བཟུང་པའི་རྨང་གཞིའི་ཐོག་ཡིག་སྐད་འོས་འཚམ་བེད་སྤྱོད་བྱས་ཆོག་པ་ལས། ཡིག་སྐད་ཐལ་དྲགས་མི་རུང་ངོ་། འཁྲབ་གཞུང་གི་བརྗོད་བྱ་གཙོ་བོ་དེ་མི་སྣ་ཕན་ཚུན་གྱི་གླེང་མོལ་ལས་མཚོན་པ་ཞིག་ཡིན་པས་དེ་ནི་འཚོ་བའི་ནང་རྒྱུན་དུ་སྤྱོད་པའི་ཁ་སྐད་ཡིན་པ་མ་ཟད། འཚོ་བའི་རང་བཞིན་ལྡན་པ་དང་། སྐད་ཆའི་ཚིག་སྡུད་པོ་ཡོད་པས། ལོ་ཙཱ་བས་ཡིག་སྒྱུར་བྱེད་སྐབས་ཡིག་སྐད་ཁོ་ནའི་འཆིང་རྒྱ་ལས་གྲོལ་བར་བྱས་ཏེ་འཚོ་བའི་ནང་གི་གོ་བདེའི་རྒྱུན་སྤྱོད་སྐད་ཆ་བཀོལ་སྤྱོད་གང་ཐུབ་བྱེད་དགོས། ང་ཚོ་བོད་ལ་ཆ་མཚོན་ན། བོད་སྐད་བརྙན་འཕྲིན་གྱི་ཞབས་འདེགས་ཞུ་ཡུལ་ནི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཡིན་པས། ཁོང་ཚོས་ལྟ་འདོད་ལ་ཉན་སྤྲོ་བའི་འཁྲབ་གཞུང་ཞིག་དགོས། དེས་ན། ང་ཚོས་ཞབས་འདེགས་ཞུ་ཡུལ་གྱི་ཁ་ཕྱོགས་མ་ནོར་བར་མང་ཚོགས་ཀྱིས་གོ་བདེ་བ་དམིགས་ཡུལ་དུ་བཟུང་ནས་བསྒྱུར་དགོས་པ་ཡིན། སྒྱུར་བྱེད་ཚིག་རྣམས་ལ་དེང་རབས་ཀྱི་སྐད་ཆ་དང་། སྤྱི་དམངས་ཀྱི་སྐད་ཆ། དེ་བཞིན་དུ་འཚོ་བའི་སྐད་ཆ་བཅས་མང་ཙམ་བེད་སྤྱོད་གཏོང་རྒྱུ་ནི་ལོ་ཙཱའི་གཞུང་ལུགས་ལས་བསྟན་པའི་འཁྲབ་གཞུང་ལོ་ཙཱའི་རྩ་དོན་ཞིག་རེད། སྤྱིར་དམངས་ཀྱིས་གོ་ཐུབ་པ་ཞིག་ཡིན་ན་སྤྱི་སྐད་ལྟ་བུའི་ཁྱབ་ཆེ་ལ་གོ་བདེ་བའི་སྐད་ཆ་གཙོ་བོར་སྤྱོད་དགོས། འོན་ཀྱང་ཁ་སྐད་ཐལ་དྲགས་ན་མི་འགྲིག་ལ་རིགས་པའི་གཞུང་ལུགས་དང་། ལྷག་དོན་བརྡ་སྤྲོད་ཀྱི་གཞུང་ནས་ཚིག་ཁུངས་མཐའ་སྐྱེལ་མི་ཐུབ་པའི་ཡུལ་ལུང་བྱེ་བྲག་པའི་ཡུལ་སྐད་ཐལ་དྲགས་ནའང་དེ་བས་མི་འགྲིག་པ་ཞིག་ཡིན། དེ་སྔ་ཕབ་སྒྱུར་ཟིན་པའི་བོད་སྐད་གློག་བརྙན་དང་། བརྙན་འཕྲིན་འཁྲབ་གཞུང་ནང་ཁ་སྐད་ཐལ་དྲགས་པའི་སྣང་ཚུལ་མང་པོ་མཐོང་རྒྱུ་ཡོད་པ་དཔེར་ན། གནག་པོར“གནག་ཀོ”དང་། གྱོང་པོར“གྱོང་ཀོ” དུག་ལོག་ལ“གུ་ལོག” མཉམ་དུ་འགྲོ་ལ“ཨམ་ཏོའོ་འགྲོ”འམ་ཡང་ན“ཨམ་པོར་འགྲོ” “བཤད་པའི་སྐབས་ལ”ཟེར་བར“བཤད་དུས་ཀམ་པར”ཟེར་བ་སོགས་ཡུལ་སྐད་ཀྱིས་བཅིངས་པའི་སྒྲ་སྦྱོར་བྱས་པའང་མཐོང་རྒྱུ་ཡོད། དེར་བརྟེན། ས་པཎ་གྱིས《མཁས་འཇུག》ལས“འགའ་ཞིག་འགྱུར་གྱི་བྱེ་བྲག་དང་། ཡུལ་སྐད་དག་གིས་བསྒྲིབས་པ་ཡོད”ཅེས་པ་དང་། དེ་བཞིན་དུ། “མདའ་ལ་ཉག་ཕྲན་དང་། གཞུ་ལ་གནམ་རུ། ལག་པ་ལ་སུག་པ། བཞོན་པར་ཕྱུགས་ཆུང་ལ་སོགས་པ་ཡུལ་ཕན་ཚུན་དུ་མི་གྲགས་པར་བསྒྱུར་ནས་གོ་དཀའ་བ་ཡོད”ཅེས་གསུངས་པས་ན། འཁྲབ་གཞུང་ཡིག་སྒྱུར་བྱེད་སྐབས་ཁ་སྐད་ཐལ་དྲགས་རྒྱུ་མེད། ཁ་སྐད་བྱེ་བྲག་པ་ཐལ་དྲགས་ན་ལོ་ཙཱ་བའམ་སྒྲ་སྦྱོར་བས་སྐད་ཡིག་རིག་གནས་ལ་སྣང་འཇོག་མ་བྱས་པ་ཙམ་མ་ཟད། བརྙན་འཕྲིན་འཁྲབ་གཞུང་གི་རྒྱ་ཁྱབ་རང་བཞིན་གྱི་སྤྱི་ཚོགས་ཕན་ནུས་སྣང་མེད་བཏང་བ་ཞིག་ཡིན་པས། བྱ་གཞག་དེ་སྒྲུབ་མཁན་ཚོས་སྤྱི་ཚོགས་ཀྱི་འགན་འཁྲིའི་བསམ་པ་ཐུགས་ལ་འཆང་རྒྱུ་གལ་འགངས་ཆེ། དེ་བས་བརྙན་འཕྲིན་འཁྲབ་གཞུང་གི་ལོ་ཙཱ་བ་དང་སྒྲ་སྦྱོར་བས་ཀྱང་ལྷག་བསམ་རྣམ་པར་དག་པའི་ཀུན་སློང་གིས་མི་རིགས་ཀྱི་རིག་གནས་ཡར་རྒྱས་གོང་འཕེལ་ཐད་རང་རང་སོ་སོའི་སེམས་ནུས་ཡོད་རྒུ་འདོན་རྒྱུ་ནི་ཕྲག་སྟེང་དུ་བབས་པའི་འགན་འཁྲིར་བརྩིས་དགོས།

    གློག་བརྙན་དང་བརྙན་འཕྲིན་འཁྲབ་གཞུང་སྒྱུར་བཟོའི་བྱ་གཞག་གིས་སྤྱི་ཚོགས་ཀྱི་འགན་འཁྲི་དེ་བས་གལ་འགངས་ཆེ་བ་ཞིག་ཁུར་ཡོད་པས། སྐད་ཡིག་སྒྱུ་རྩལ་ལས་དོན་པ་ཞིག་དང་ལོ་ཙཱ་བ་ཞིག་གི་ངོས་ནས་བཤད་ན། བོད་སྐད་ཡིག་གི་བརྡ་སྤྲོད་ཁུངས་བཙན་དང་ཚད་ལྡན་ཡོང་རྒྱུར་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཐུབ་པ་བྱེད་དགོས་ལ། རང་ཉིད་ཀྱི་ལས་ཀའི་ལེགས་ཆར་བརྟེན་ནས་ཡུལ་ལུང་བྱེ་བྲག་པའི་སྐད་ཆ་དང། གྲོང་ཚིག ཕལ་སྐད་སོགས་བེད་སྤྱོད་ཉུང་ཙམ་བྱེད་པ་དང་། མ་རབས་བཙོག་གཏམ་དང་གོ་དོན་ལོག་པའི་སྐད་ཆ་ནི་ནམ་ཡང་དགག་བྱར་ཤེས་དགོས། དེ་དང་དུས་མཚུངས་མིང་བརྡ་གསར་པ་བེད་སྤྱོད་ཡང་དག་བྱས་ནས་དེ་དག་རིམ་བཞིན་ཚད་ལྡན་ཡོང་བ་བྱེད་དགོས་ཤིང་། དེ་བས་ཡིག་སྒྱུར་སྐབས་སུ་བོད་སྐད་ཡིག་གི་བརྡ་སྤྲོད་ལུགས་བཞིན་བསྒྱུར་བ་ལས་མ་ཡིག་གི་ཚིག་ངོར་བསྟུན་ནས་བསྒྱུར་མི་རུང་སྟེ། དཔེར་ན། “外面太阳太大” ཞེས་པར“ཕྱི་ལོག་ལ་ཉི་མ་ཆེན་པོ་ཞེ་པོ་འདུག”ཅེས་དང་། “昨天晚上没有休息好,今天一整天精神不好”ཞེས་པར“མདང་དགོང་ངལ་གསོ་ཡག་པོ་མ་ཐེབས་ཙང་། དེ་རིང་སྙིང་སྟོབས་ཁྱོན་ནས་མི་འདུག” “不要影响别人休息”ཞེས་པར“མི་གཞན་དག་ངལ་གསོ་རྒྱག་རྒྱུར་ཤུགས་རྐྱེན་མ་ཐེབས་པ་བྱེད”ཅེས་པ་ལྟ་བུ་ནི་མ་ཡིག་གི་ཚིག་ངོར་བསྟུན་དྲགས་པའི་སྐྱོན་དུ་མཐོང་།

    གཉིས། སྒྱུར་ཡིག་གི་བརྡ་སྤྲོད་དང་དག་ཆ་ཡང་དག་ཡོང་རྒྱུར་དོ་སྣང་བྱེད་དགོས།

    བོད་སྐད་ཡིག་ནི་སྦྱོར་ཀློག་རང་བཞིན་གྱི་ཡིག་རིགས་ཤིག་ཡིན་པས་དག་ཆ་ནོར་ཚེ་ནང་དོན་ལ་ཧེ་བག་ཆེན་པོ་འབྱུང་སྲིད། དེང་གི་སྒྲ་སྦྱོར་འཁྲབ་སྟོན་པ་འགའ་ཞིག་གིས་ཀློག་བདེ་བ་ཁོ་ན་དམིགས་ཡུལ་དུ་བཟུང་སྟེ། འཁྲབ་གཞུང་ལོ་ཙཱ་བར་ཁ་སྐད་ཀྱི་སྒྲ་གདངས་ཇི་བཞིན་བོད་ཡིག་ཏུ་ཕབ་སྒྱུར་བྱེད་རྒྱུའི་རེ་བ་འདོན་གྱི་ཡོད་ལ། གལ་ཏེ་ལོ་ཙཱ་བ་ཞིག་གིས་འཁྲབ་གཞུང་འགྱུར་མའི་ནང་དུ་ཁ་སྐད་ཀྱི་ཤོད་སྟངས་དང་ཆ་མཚུངས་པའི་བོད་ཡིག་གི་འབྲི་སྟངས་བེད་སྤྱད་ན“ཡིག་སྒྱུར་ཡག་པོ་བྱས་འདུག”ཅེས་བསྔགས་བརྗོད་ཀྱང་བྱེད་ཀྱི་ཡོད། དཔེར་ན། “རང་གིས་ང་ལ་བརྙས་བཅོས་ཤོད་མཁན་ཡིན་ནམ”ཞེས་པ་བོད་ཡིག་ཏུ“རང་གས་ངའ་བརྙབ་བཅོས་བཤད་ཉན་ཡིན་པས”ཞེས་འབྲི་བ་དང་། “ཁྱོད་ཀྱིས་ལམ་སེང་ང་ལ་གྲུ་གཟིངས་ཤིག་ཐབས་ཤེས་གྱིས་དང་། ཤེས་སོང་ངམ”ཞེས་པར“ཁྱོད་རས་ལམ་སང་ངའ་གྲུ་རྫིང་ཅི་ཐབས་ཤེས་བྱེད་དའ། ཤེས་སོང་ངས”ཞེས་འབྲི་བ། ད་དུང“ཁྱེད་རང་ང་ལ་ཐུགས་འཛེམ་དེ་འདྲ་གནང་རྒྱུ་གང་འདུག”ཅེས་པར“ཁྱེད་རང་ངའ་ཐུའུ་འཛིན་འདི་འདྲས་གནང་ཡག་ག་རེ་འདུག”ཅེས་འབྲི་བ། “ཐུགས་རྗེ་ཆེ”ཟེར་བར“ཐུགས་ཆད་གནང”ཡང་ན“ཐོ་ཆད་གནང”ལ་སོགས་ཡིག་ནོར་གྱིས་ཁེངས་པའི་འགྱུར་མ་མང་པོ་མཐོང་རྒྱུ་ཡོད། ཡིན་ནའང་། དགོད་བྲོ་བ་ཞིག་ལ་འཁྲབ་གཞུང་འགྱུར་མའི་ནང་བོད་ཡིག་གི་དག་ཆར་ནོར་འཁྲུལ་ཤོར་བའི་སྣང་ཚུལ་དེ་རིགས་སྤྱིར་སྒྲ་སྦྱོར་བ་ཕལ་མོ་ཆེ་དང་ལོ་ཙཱ་བ་རང་ཉིད་ཀྱིས་ཀྱང་ཧ་གོ་དོན་གསལ་ཡིན་རུང་སྒྲ་སྦྱོར་བྱེད་པའི་བརྒྱུད་རིམ་ནང་། གུས་མོ་རང་ཉིད་ཚུད་པའི་སྒྲ་སྦྱོར་བའི་དཔུང་ཁག་གི་ཁོངས་མིའི་ཁྲོད་བོད་ཡིག་གི་དག་ཆ་ནོར་ཡོད་མེད་དང་དག་བཅོས་བྱེད་དགོས་མིན་སྐོར་ལ་ཕན་ཚུན་གླེང་མོལ་དང་དོ་སྣང་བྱེད་མཁན་དེ་ཙམ་མི་འདུག་ལ། གུས་མོ་རང་ཉིད་ཀྱིས་ཀྱང་གོམས་གཤིས་དང་བསྟུན་པའམ་རླུང་ཕྱོགས་དེད་ནས་འགྲོ་བ་བཞིན་གནད་དོན་དེར་མནོ་བསམ་གཏོང་རྒྱུ་མ་བྱུང་སྟབས། དེ་སྔ་ཡིག་སྒྱུར་བྱས་པའི་འཁྲབ་གཞུང་དཔེར་ན། སྒྲུང་གཏམ་གློག་བརྙན《དུག་འགོག་ཉེན་རྟོག་པ》 《དུས་འགྱུར་གྱི་ལོ་ཟླ》སོགས་དང་། བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《བརྩེ་དུང་ལྡན་པའི་ལོ་ཟླ》 《ཧྲའོ་ཀོའོ་གྲོང་སྡེའི་དྲིལ་བརྡ》ལ་སོགས་པའི་ནང་དུའང་གོང་གསལ་གྱི་སྣང་ཚུལ་དེ་རིགས་རྗེས་སུ་འབྲངས་འདུག གནད་དོན་འདིའི་རྒྱུ་རྐྱེན་ཤེས་འདོད་ཀྱི་སེམས་ཤུགས་དྲག་པོས་གུས་མོས་སྒྲ་སྦྱོར་པ་ཁག་གཅིག་གི་བསམ་འཆར་བསྡུ་ལེན་དང་། གུས་མོ་རང་ཉིད་ནས་སྒྲ་སྦྱོར་བྱེད་པའི་ལག་ལེན་དངོས་ནང་ཉམས་ཞིབ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། མ་གཞི་འཁྲབ་གཞུང་འགྱུར་མའི་བརྗོད་ཚིག་རྣམས་ཁ་སྐད་ཀྱི་གདངས་དང་ཡོངས་སུ་མཐུན་པ་ཞིག་བྱུང་ན། སྒྲ་སྦྱོར་བྱེད་སྐབས་གཅིག་ནས་བརྗོད་བདེ་བ་དང་། གཉིས་ནས་གོ་བརྡ་འཕྲོད་བདེ་བའི་དགེ་མཚན་ཞིག་ངམ་ཤུགས་སུ་ཐོན་ཐུབ་པས་འགྱུར་མའི་ཚིག་སྦྱོར་ལ་བསམ་གཞིག་དེ་ཙམ་བྱེད་མི་དགོས་པར་ཀློག་པ་ཙམ་གྱིས་གོ་དོན་གང་ཡིན་རྟོགས་ཐུབ་པས། འཁྲབ་གཞུང་ལོ་ཙཱ་བས་ཀྱང་སྒྲ་སྦྱོར་བར་སྟབས་བདེ་བསྐྲུན་གང་ཐུབ་ཀྱི་བསམ་པ་བཅངས་ནས་དག་ཆ་ནོར་བ་ཤེས་བཞིན་དུ་ཁ་སྐད་ཀྱི་སྒྲ་གདངས་གཞིར་བཟུང་ཡིག་ཐོག་ཏུ་ཕབ་ཀྱི་ཡོད། འོན་ཀྱང་སྣང་ཚུལ་དེ་རིགས་ང་ཚོས་མུ་མཐུད་ལྷོད་གཡེང་བཏང་ན་དག་ཆ་ནོར་བའི་ཡི་གེ་རྣམས་རིམ་བཞིན་མ་དག་རྒྱུན་འབྱམས་སུ་འགྲོ་ཉེན་ཆེ། དེ་ཡང་ཕྱོགས་གཞན་ཞིག་ནས་བརྗོད་ན། མིག་སྔར་བོད་སྐད་གློག་བརྙན་འཁྲབ་གཞུང་འགྱུར་མ་བརྙན་ཡོལ་ཐོག་ནས་སྟོན་སྐབས་མི་སྣའི་སྐད་ཆ་རྣམས་ཡིག་བྱང་ཅན་དུ་འགྱུར་ཐུབ་མེད་ནའང་ལོ་ཙཱ་བ་ནི་བོད་སྐད་ཡིག་གི་ལས་དོན་པ་ཞིག་ཡིན་པས། བོད་སྐད་ཡིག་ཡང་དག་པའི་སྒོ་ནས་བེད་སྤྱོད་བྱ་རྒྱུར་སྔར་བས་མཐོང་ཆེན་བྱེད་དགོས་པ་ནི་གལ་འགངས་ཧ་ཅང་ཆེ། ཡིག་ནོར་མང་བའི་འཁྲབ་གཞུང་འགྱུར་མ་ཞིག་གིས་སྒྲ་སྦྱོར་འཁྲབ་སྟོན་པས་བོད་སྐད་ཡིག་བེད་སྤྱོད་བྱ་རྒྱུར་ཐད་ཀར་ཤུགས་རྐྱེན་ངན་པ་བཟོ་བ་དང་། དེ་ལྟ་བུའི་མ་དག་རྒྱུན་འབྱམས་ཀྱི་སྣང་ཚུལ་ངན་པས་བོད་སྐད་ཡིག་སྐྱོན་བྲལ་ངང་དར་སྤེལ་གཏོང་བར་འགོག་རྐྱེན་བཟོ་སྲིད་པས་དེ་བས་ཡིད་གཟབ་གནང་དགོས་པ་ཞིག་རེད།

    (བོད་ལྗོངས་གློག་བརྙན་ཀུང་སིའི་སྒྲ་སྒྱུར་ཚན་པའི་བློ་བཟང་ཆོས་སྒྲོན་གྱིས)

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001310064364