༄༅།། བྲག་ སྟེང་ ཐོག་ གི གར་ མཁན་ ”——བོད་ ཀྱི་ བྲག་ འཛེག་ ལུས་ རྩལ་ པ་ རིན་ ཆེན་ ལྷ་ མོའི་ སྐོར་ བཀོད་ པ།
 
2013-07-10       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་ཟླ་7ཚེས་10ཉིན་གནས་ཚུལ་འབྱོར་གསལ།(གསར་འགོད་པ་ཝང་ཡུན་ཅཱ་དང་ཀྲང་ཅིང་བིང)མིག་མདུན་དུ་མངོན་པའི་ཁོ་མོ་ནི་གཟུགས་པོ་རིད་ལ་ཅུང་རིང་བ་དང་། ཤ་རྩི་ནག་ཙམ་ཡོད་ལ་སྐྲར་ལྷས་མ་རིང་པོ་ཞིག་བསླས་ཤིང་། བབ་ཆགས་པའི་སྦྱོང་བརྡར་གྱོ ན་ཆས་གྱོ ན་པ་དང་ས་དཀར་ལག་ཏུ་བྱུགས་ནས་བྲག་སྟེང་ཐོག་འབད་བརྩོན་ཆེན་པོས་འཛེག་བཞིན་འདུག རིན་ཆེན་ལྷ་མོ་ནི་བྲག་སྟེང་ཐོག་མི་སེམས་འགུལ་བར་བྱེད་པའི་གར་མཁན་མ་ཞིག་དང་མཚུངས།

    རིན་ཆེན་ལྷ་མོ་ནི་ཕུལ་བྱུང་གི་བྲག་འཛེག་ལུས་རྩལ་པ་ཞིག་ཡིན་པ་དང་། སྤྱི་ཚེས་5ཉིན་མཇུག་སྒྲིལ་བའི་2013ལོའི་རྒྱལ་ཡོངས་བྲག་འཛེག་འགྲན་བསྡུར་གྱི་ལྷ་སའི་འགྲན་རའི་འགྲན་བསྡུར་ནང་ཁོ་མོར་བུད་མེད་ཀྱི་དཀའ་ཚད་དང་བུད་མེད་ཀྱི་འཕྲེད་འཛེག་ཁག་གཉིས་ཀྱི་ཨང་དང་པོ་ཐོབ་ནས་བོད་ཀྱི་འཐུས་མི་རུ་ཁག་ལ་མཚན་སྙན་ཐོབ་པར་བྱས་ཡོད།

    ལས་སྨོན་བཟང་པོས་བྲག་འཛེག་ལས་ལ་ཞུགས་པ།

    རིན་ཆེན་ལྷ་མོ་ནི་བོད་ཀྱི་ཉིང་ཁྲིའི་ཞིང་འབྲོག་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་། ཆུང་དུས་ཁོ་མོས་བྲག་འཛེག་སྐོར་གཅིག་ཀྱང་ཤེས་ཀྱི་མེད། 2006ལོའི་ཉིན་ཞིག་རིན་ཆེན་ལྷ་མོ་ནི་སློབ་འབྲིང་སློབ་མ་དཀྱུས་མ་ཞིག་ཡིན་པ་དང་། གྲགས་ཅན་གྱི་བྲག་འཛེག་རྩལ་ཁྲིད་པ་ཏིང་ཁྲེང་ལེང་གིས་ཁོ་མོའི་སློབ་གྲྭར་བྲག་འཛེག་ཐད་ཀྱི་ཤེས་ལྡན་མི་སྣ་འདེམས་པར་སླེབས་ཡོད། “སྐབས་དེ་དུས་ང་སློབ་དུས་དེའི་སློབ་ཚན་ལ་དགའ་པོ་མེད་པས་ལུས་རྩལ་ཐང་དུ་ལྟད་མོ་ལྟ་བར་ཕྱིན་པ་ཡིན”ཞེས་རིན་ཆེན་ལྷ་མོས་བརྗོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་རིན་ཆེན་ལྷ་མོའི་མི་ཚེའི་འགྲོ་ལམ་དེ་ནས་བཟུང་འགྱུར་ལྡོག་བྱུང་ཡོད་དེ། ཁོ་མོ་རྩལ་ཁྲིད་པའི་བློར་ཕྱིན་ནས་ཚོད་ལྟ་བྱེད་མཁན་དང་པོར་གྱུར་བ་དང་། དེ་རྗེས་ལན་མང་ཧྲག་འདེམས་བྱས་པ་བརྒྱུད་བདེ་བླག་ངང་བདམས་ཐོན་བྱུང་ཡོད།

    ཚོད་དཔག་མི་ཐུབ་རུང་དངོས་ཡོད་ཀྱི་ལས་སྐལ་དེར་བརྟེན་ནས་ལོ་16ལ་སླེབས་པའི་རིན་ཆེན་ལྷ་མོ་ཅང་ཞི་ཉེར་སྤྱོད་ལག་རྩལ་ལས་རིགས་སློབ་གླིང་དུ་སྦྱོང་བརྡར་དང་སློབ་སྦྱོང་བྱེད་པར་སླེབས་ཡོད། དུས་དེ་ནས་བཟུང་ཁོ་མོ་བྲག་འཛེག་ཀྱི་ལས་ལ་ཞུགས་འགོ་བརྩམས།

    འགྲན་རར་དཔའ་རྩལ་ངོམས་ནས་ཨེ་ཤ་ཡའི་ཨང་དང་པོའི་གཟི་བརྗིད་བླངས་པ།

    2007ལོར་རིན་ཆེན་ལྷ་མོས་དངོས་གཞིའི་འགྲན་སྡུར་ནང་ཐེངས་དང་པོ་ཞུགས་པ་དང་། སྐབས་དེ་དུས་ཉམས་མྱོང་མེད་པའི་རྐྱེན་གྱིས་ཁོ་མོར་གྲུབ་འབྲས་ཡག་པོ་ཐོབ་མེད་ལ་བརྗེད་དཀའ་བའི་འདས་དོན་ཞིག་སེམས་ངོས་སུ་བཞག་ཡོད།

    འགྲན་བསྡུར་ཐེངས་མང་སྤེལ་བ་དང་ཉམས་མྱོང་རིམ་བཞིན་གསོག་འཇོག་ཐུབ་པ་དང་བསྟུན་ནས་རིན་ཆེན་ལྷ་མོའི་གྲུབ་འབྲས་ཀྱང་ཇེ་ལེགས་སུ་ཕྱིན་ཡོད། 2010ལོར་ཁོ་མོ་བདེ་བླག་ངང་རྒྱལ་ཁབ་རུ་ཁག་ཏུ་ཚུད་པ་དང་། ན་ནིང་ཁོ་མོར་ཀོང་ཞི་རུ་གཉེར་བའི་ཨེ་ཤ་ཡའི་ལེགས་སྐྱེས་འགྲན་བསྡུར་ཐོག་བུད་མེད་ཀྱི་འཕྲེད་འཛེག་འགྲན་བསྡུར་གྱི་ཨང་གཉིས་པ་དང་བུད་མེད་ཀྱི་དཀའ་ཚད་འགྲན་བསྡུར་གྱི་ཨང་གསུམ་པའི་གྲུབ་འབྲས་ལེགས་པོ་ཐོབ་ཡོད། འདི་ལོ་ཁོ་མོས་ཡག་ཐོག་ཡག་བརྩེགས་ཀྱི་སྒོ་ནས་དབྱི་རན་དུ་གཉེར་བའི་ཨེ་ཤ་ཡའི་ལེགས་སྐྱེས་འགྲན་བསྡུར་ཁྲོད་བུད་མེད་ཀྱི་དཀའ་ཚད་དང་བུད་མེད་ཀྱི་འཕྲེད་འཛེག་འགྲན་བསྡུར་གཉིས་ཀྱི་ཨང་དང་པོ་བླངས་ནས་རང་རྒྱལ་གྱི་བུད་མེད་བྲག་འཛེག་བདམས་ཐོན་པས་རྒྱལ་སྤྱིའི་འགྲན་སྡུར་ཆེ་མོའི་ཐོག་ལོ་རྒྱུས་རང་བཞིན་ཚད་བརྒལ་མངོན་འགྱུར་བྱས་ཡོད།

    “དེ་ནི་རང་ཉིད་བྲག་འཛེག་ལས་རིགས་ནང་ཞུགས་པ་ནས་བཟུང་སྐར་ལྔའི་དར་དམར་འགྲན་རའི་ཐོག་མཐོན་པོར་སྒྲེང་ཐེངས་དང་པོ་ཡིན་པ་དང་གྲང་ཉུང་མི་རིགས་ཀྱི་ལུས་རྩལ་པ་ཞིག་ཡིན་པའི་ངོས་ནས་ང་རང་སྤོབས་སེམས་སྐྱེས་ཀྱི་འདུག”ཅེས་གཟི་བརྗིད་ལྡན་པའི་འདས་དོན་ལ་ཕྱིར་དྲན་བྱེད་སྐབས་རིན་ཆེན་ལྷ་མོའི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་ཟེར་འཕྲོ་བཞིན། ཁོ་མོས་གསར་འགོད་པར་ད་ཆ་རང་ཉིད་བྲག་འཛེག་ལུས་རྩལ་ལ་ཤིན་ཏུ་དགའ་པོ་ཆགས་སོང་ཞེས་བརྗོད།

    དཀའ་སྤྱད་སྦྱོང་བརྡར་བྱས་ཏེ་མུ་མཐུད་ཚད་བརྒལ་ཡོང་བའི་འདུན་པ་བཅངས།

    རིན་ཆེན་ལྷ་མོས་ངོ་སྤྲོད་བྱས་པར་གཞིགས་ན། ཁོ་མོས་ཉིན་ལྟར་དུས་ཚོད་མང་པོ་བེད་སྤྱད་ནས་སྦྱོང་བརྡར་བྱེད་པ་དང་གཟའ་མཇུག་སྐབས་སུའང་དེ་ལྟར་སྦྱོང་བརྡར་བྱེད་ཀྱི་ཡོད་པ་རེད། མཛེས་པོར་དགའ་བ་ནི་བུད་མེད་ཀུན་གྱི་ལྷན་སྐྱེས་གཤིས་ཀ་ཞིག་རེད། འོན་ཀྱང་ཁོ་མོར་རང་ཉིད་བཟོ་ལྟ་ལེགས་པོ་ཞིག་བཟོ་བའི་དུས་ཚོད་ཀྱང་མེད། ལོ་གསར་གཏོང་སྐབས་རུ་ཁག་ནང་ཉིན་གཅིག་ལས་ངལ་གསོ་མེད་པས་ཁྱིམ་དུ་ལོག་ཐུབ་ཀྱི་མེད། དེར་བརྟེན་ཁོ་མོ་ཅང་ཞི་རུ་བྲག་འཛེག་སྦྱོང་བརྡར་བྱེད་འགོ་ཚུགས་པ་ནས་བཟུང་ཁྱིམ་དུ་ལོག་ནས་ལོ་གསར་གཏོང་བའི་གོ་སྐབས་འཕྲད་མྱོང་མེད། རིན་ཆེན་ལྷ་མོས“རུ་མི་རྣམས་མཉམ་དུ་རྩལ་ཁྲིད་པའི་ཁྱིམ་དུ་ལོ་གསར་གཏོང་གི་ཡོད་པས་ཧ་ཅང་འཁྲུག་ཆ་དོད་ལ་སྐྱིད་པོ་འདུག”ཅེས་བརྗོད།

    རིན་ཆེན་ལྷ་མོས་གསར་འགོད་པར། རང་ཉིད་ཉིང་ཁྲིར་མ་སླེབས་པར་ལོ་གསུམ་ཕྱིན་སོང་། མ་གཞི་ན་ནིང་ལྷ་སར་འགྲན་བསྡུར་ནང་ཞུགས་རུང་མཐར་འགྲན་བསྡུར་གྱི་བཀོད་སྒྲིག་ཚགས་དམ་པས་འགྲན་བསྡུར་མཇུག་སྒྲིལ་རྗེས་བྲེལ་འཚུབ་ངང་ཁ་བྲལ་དགོས་བྱུང་བས་ལྷ་སར་ནང་མི་དང་ཐུག་ཙམ་བྱེད་རྒྱུ་ལས་མ་བྱུང་ཞེས་བརྗོད། འདི་ལོའི་ཡན་ལག་འགྲན་རའི་ལྷ་སའི་འགྲན་བསྡུར་མཇུག་སྒྲིལ་རྗེས་རིན་ཆེན་ལྷ་མོར་ཉིང་ཁྲིར་ལོག་པའི་དུས་ཐུང་ངལ་གསོའི་དུས་ཚོད་ཡོད་པས་ཁོ་མོ་ཧ་ཅང་དགའ་པོ་བྱུང་ཡོད།

    ད་ཆ་རིན་ཆེན་ལྷ་མོར་ཅང་ཞི་ཀན་ཀྲའུ་རུ་ངོ་ཤེས་པའི་སློབ་གྲོགས་དང་གྲོགས་པོ་མང་པོ་ཡོད་པ་དང་། ཁོ་མོས་ཀྱང་ཀན་ཀྲའུ་རང་ཉིད་ཀྱི་བརྩེ་བའི་ཕ་ཡུལ་གཉིས་པར་རྩིས་ཀྱི་ཡོད། འདི་ལོའི་ཟླ་9པར་ཁོ་མོས་ཅང་ཞི་རང་བྱུང་བཟོ་སྐྲུན་རིག་པའི་སློབ་ཆེན་དུ་དངོས་གཞིའི་ཚན་ཁག་གི་སློབ་ཚན་འཚོག་པར་འགྲོ་རྒྱུ་དང་། ཆབས་ཅིག་མུ་མཐུད་བྲག་འཛེག་སྦྱོང་བརྡར་བྱ་རྒྱུ་རེད། རིན་ཆེན་ལྷ་མོས་འགྲན་རའི་ཐོག་ཚད་བརྒལ་གསར་པ་ཡོང་བར་བྱས་ནས་མེས་རྒྱལ་དང་ཕ་ཡུལ་ལ་དེ་བས་མང་བའི་མཚན་སྙན་ཐོབ་པ་བྱས་ཏེ་བྲག་འཛེག་བྱ་གཞག་གི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་རྒྱུའི་རེ་འདུན་བཅངས་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001325294801